༢༠༡༤ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢ ནས་ ༦ བར་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གོ་ཧ་ཊིར་ (Guwahati) རྟེན་གཞི་བྱས་པའི་ཀ་ལ་ཆེ་ཏྲ་ Kalakshetra ཞེས་པའི་སྒྱུ་རྩལ་བསྟི་གནས་ཁང་དུ་ཉིན་གྲངས་ལྔའི་རིང་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་དུས་སྟོན་ཐེངས་དང་པོ་གོ་སྒྲིག་ཞུ་རྒྱུ་ཡིན་འདུག་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གྱིས་དུས་སྟོན་དབུ་འབྱེད་མཛད་རྒྱུ་ཡིན་འདུག དེ་ཡང་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་སྐབས་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་གྲོང་གསེབ་ཡར་རྒྱས་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་ཨ་རུ་ནཱ་ཅལ་དང་ཨ་སམ་མངའ་སྡེའི་གནད་ཡོད་མི་སྣ་བཅས་ཀྱིས་མཛད་སྒོ་དེར་ལྷན་བཅར་ཞུ་རྒྱུ་ཡིན་འདུག ཕྱོགས་མཚུངས་དུས་སྟོན་ཉིན་མཐའ་མའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིའི་བོད་ཀྱི་དུས་སྟོན་སྐབས། ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་པའི་པར་རིགས་འགྲེམས་སྟོན་དང་། བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་རྒྱུ་མ་ཟད།་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་སྟོན་རྒྱུ་དང་། བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་སོགས་གནང་རྒྱུ་ཡིན་པ་མ་ཟད། དུས་སྟོན་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག དེ་བཞིན་སྐབས་དེར་བོད་ཀྱི་ཁ་ཟས་བཟོ་རྒྱུ་དང། རྡུལ་མཚོན་དཀྱིལ་འཁོར་བཞེང་རྒྱུ། བོད་ཀྱི་སྐུ་ཐང་། མར་གྱིས་བཟོས་པའི་མཆོད་པ་སྣ་ཚོགས་བཀོད་སྒྲིག་གནང་རྒྱུ་དང་། བོད་ཀྱི་ཤིང་བརྐོས་སྒྱུ་རྩལ་སོགས་ཀྱི་འགྲེམས་སྟོན་གནང་རྒྱུ་ཡིན་འདུག གཞན་ཡང་སྐབས་དེར་བོད་མི་སྐྱབས་བཅོལ་བ་ཚོས་བཟོས་པའི་གྱོན་ཆས་སྣ་མང་ཉོ་ཚོང་གནང་རྒྱུ་དང་། དེ་ཡང་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་ཀརྨ་ཡི་ཤེས་ལགས་ཀྱིས་དུས་སྟོན་སྐོར་གསུང་དོན། ཉིན་ལྔའི་རིང་གི་བོད་ཀྱི་དུས་སྟོན་འདིར་མང་ཚོགས་རྣམས་ཀྱིས་བོད་ཀྱི་ཐུན་མིན་རིག་གཞུང་སྐོར་ཤེས་རྟོགས་ཐུབ་རྒྱུ་མ་ཟད། དུས་སྟོན་འདི་བརྒྱུད་རྒྱ་གར་བྱང་ཤར་ཁུལ་དང་ཨ་སམ་མི་མང་རྣམས་ཀྱིས་བོད་དོན་སྐོར་ཤེས་པའི་ཐོག་ནས་བོད་ལ་སེམས་ཐག་ཉེ་པོ་ཆགས་རྒྱུ་དང་། དེ་བཞིན་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེའི་མི་མང་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་བརྗེ་ལེན་བྱེད་རྒྱུ་དང་། ཁུལ་དེའི་ཆོས་གྲོགས་ཕོ་མོ་རྣམས་དང་བོད་མིའི་དབར་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཆེད་ཐབས་ལམ་བཟང་ཤོས་ཤིག་ཡིན། ཞེས་གསུངས་འདུག
དུས་སྟོན་འདིའི་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་དང་གྲོང་གསེབ་ཡར་རྒྱས་ཀྱི་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་། རྟ་དབང་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་དབྱངས་ཅན་སྒྲོལ་དཀར་ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་གཞོན་ནུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཚེ་བརྟན་ཆོས་འཕེལ་ཀི་ (Tseten Chombay Kee, President, Yuva Arunachal) ལགས། ཨ་སམ་མངའ་སྡེའི་གྲོང་ཁྱེར་འབྲེལ་མཐུད་པ་གཙོ་བོ་རན་ཇན་ཨིན་ག་ཏི་(Sh. Ranjan Engti) ལགས་བཅས་ཡིན་འདུག