༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤི་ལོངས་ས་གནས་འགོ་འཛིན་དང་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་སོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༢།༢༥ ཙམ་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་བྱ་ཤར་ཨ་སམ་དང་མེ་ག་ལ་ཡཱ་བཅས་སུ་མཛད་འཕྲིན་ཆེད་བཞུགས་སྒར་ཕོ་བྲང་ནས་སྐུ་འཁོར་ལྷན་རྒྱས་ཕེབས་འགྲོ་བརྒྱུད་ཆིབས་སྒྱུར་བསྐྱངས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ག་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་། ཕྱི་ཟླ་ ༢ ཚེས་ ༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷོ་ཧ་ཌིར་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ཚེས་ ༡ ནས་ ༥ བར་ཉིན་གྲངས་ལྔ་རིང་ཨ་སམ་ (Assam) དང་། མེ་གྷ་ལ་ཡའི་ (Meghalaya) མངའ་སྡེའི་རྒྱལ་ས་ཤི་ལོངས་ (Shillong) གཉིས་ནང་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡ ཉིན་གྱི་ཉིན་རྒྱབ་གྷོ་ཧ་ཌིའི་ར་བིན་རྡ་རཱ་བྷ་ཝན་ (Rabindra Bhawan ) ཚོགས་ཁང་དུ་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཚེས་ ༢ ཉིན་གྱི་སྔ་དྲོ་ནེཧ་རུ་རྩེད་ཐང་དུ་བཀའ་སློབ་སྩལ་་རྒྱུ་ཡིན་པ་མ་ཟད། ཉིན་རྒྱབ་ཤྲི་མན་ཏ་ཤང་ཀ་རཱ་དེ་བ་ཀཱ་ལཱ་ཤེ་ཏར་(Srimanta Sankaradeva Kalakshetra) ཞེས་པའི་ཚོགས་ཁང་ནང་བོད་ཀྱི་སྒྱུ་རྩལ་དང་ལེགས་བྱང་དུས་སྟོན་དབུ་འབྱེད་མཛད་རྒྱུ་ཕྱི་ཚེས་ ༣ ཉིན་ཡི་ཤུའི་མཐོ་སློབ་མར་ཊིན་ལུ་ཐར་ (Martin luther Chirstian University) ཞེས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༤ ཉིན་ཤི་ལོངས་ས་གནས་ཀྱི་(Polo Ground) ཐང་ཆེན་དུ་དད་ལྡན་མི་དམངས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་གིས་མཛད་པའི་ལག་ལེན་སོ་བདུན་མ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྗེས། ཕྱི་ཚེས་ ༥ ཉིན་ཤི་ལོངས་མངའ་སྡེའི་དཔེ་མཛོད་ཁང་གིས་གདན་ཞུས་ལྟར་ཆོས་ལུགས་རིས་མེད་ཀྱི་མཛད་སྒོའི་ཐོག་ལྷན་ཞུགས་ཀྱི་མཛད་འཕྲིན་ཁག་བསྐྱང་གྲུབ་མཚམས་ཕྱི་ཟླ་ ༢ ཚེས་ ༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་འཁོད་རྒྱུ་ཡིན་འདུག