༢༠༡༤ ཟླ་ ༡ ཚེས་ ༣ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ཐོག་མར་ཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྒྲུབ་ཞག་སྔོན་དུ་མཛད་པ་དང་དེ་ནས་ཆུ་ཚོད་ ༨ ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་གིས་གཙོས་དགེ་བཙུན་གྲངས་ཉིས་སྟོང་ལ་ཉེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་དབུས་བཀའ་ཟུར་ཁག་གཅིག་དང་གཞུང་ཞབས་ལས་སུར་ཁག་གཅིག བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་གཅིག་སོགས་སྐྱ་བོ་གྲངས་ཁྲི་ལ་ཉེ་བ་བཅས་ཁྱོན་སེར་སྐྱ་མི་མང་གྲངས་ ༢༨༥༠༠ བརྒལ་བའི་དབུས་སུ་བྱང་ཆུབ་ལམ་རིམ་གོ་སྒྲིག་ཚོགས་ཆུང་ངོས་ནས་བཀའ་དྲིན་གཏང་རག་མཚོན་ཆེད་བརྟན་བཞུགས་བསྡུས་པ་ཞིག་འདེགས་འབུལ་ཞུས་གྲུབ་རྗེས་༸གོང་ས་མཆོག་གིས་སྔོན་འགྲོའི་ཆོས་འབྲེལ་གྱི་བཀའ་སློབ་ཕེབས་དོན།
ང་ཚོར་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདིར་རིན་ཐང་དང་མཐོང་ཡོད་པ་དེར་ང་ཚོས་ཉམས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་འཛམ་གླིང་ཡོངས་རྫོགས་འདིའི་ཐོག་འགྲོ་དགོས་པ་རེད་ནམ་ཡང་བརྗོད་ཀྱི་མེད། གལ་ཏེ་བརྗོད་ཀྱང་ཕན་ཐོགས་མེད། གལ་ལ་ཞེ་ན་སོ་སོའི་ཁམས་དང་མོས་པར་ཁྱད་པར་ཡོད། ང་ཚོ་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་མཁན་ཚོས་སོ་སོའི་ཕ་མེས་ནས་ཡོད་པའི་ཆོས་འདིར་རིན་ཐང་ཞིག་ཡོད་པ་རེད། འདིར་རིག་པས་སྒྲུབ་བྱེད་ཡོད་པ་ཙམ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་དེ་ཡང་ཤེས་པ་བྱས་ཏེ་སོ་སོའི་ཉིན་རེའི་མི་ཚེའི་ནང་ཕན་ཐོགས་ཐུབ་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན། གསང་སྔགས་ཟེར་བ་འདི་དཔལ་ན་ལེཎྜའི་ཆོས་བརྒྱུད་ནང་གསང་སྔགས་ཡོད།
སྤྱིར་མུ་སྟེགས་པའི་ནང་དུའང་གསང་སྔགས་ཡོད། དེ་སྔ་གྷོ་རག་པུར་དུ་མུ་སྟེགས་པ་ཞིག་ཐུག་སྟེ་ཁོང་ཚོར་བུམ་ཆེན་བཟུང་རྒྱུ་དང་གཅིག འཕོ་བ་བྱེད་རྒྱུ་དང་གཉིས། དེ་བཞི་གྲོངས་འཇུག་བྱེད་རྒྱུ་དེ་མུ་སྟེགས་པའི་གསང་སྔགས་ལག་ལེན་ནང་དུའང་ཡོད་པ་བཤད་བྱུང་། སངས་རྒྱས་པའི་ཆོས་ནང་གསང་སྔགས་མེད་ཀྱང་བོད་པའི་ཆོས་དེ་མུ་སྟེགས་པའི་ཆོས་དང་འདྲེས་པའི་མུ་སྟེགས་པའི་ཆོས་རེད། ཅེས་བརྗོད་རྒྱུ་དེར་ཞིབ་ཚགས་པོ་མ་བཤད་ན་ཁག་མེད། མུ་སྟེགས་པའི་གསང་སྔགས་དང་སངས་རྒྱས་པའི་གསང་སྔགས་གཉིས་དབྱེ་བ་འབྱེད་རྒྱུ་གལ་ཆེན་པོ་རེད། སངས་རྒྱས་པའི་གསང་སྔགས་ཞེས་པ་དེ་མ་ཐག་པའི་སྟོང་ཉིད་རྟོགས་པའི་གཟུང་མཐོང་གི་ལྷ་རུ་གསལ་བར་སྒོམ་དགོས་རྒྱུ་དེ་རེད།
དེར་བརྟེན་བྱ་རྒྱུད་ནས་བཟུང་བའི་རྒྱུད་སྡེ་ཚང་མའི་ནང་ལྷ་སྐྱེས་ཕྱོགས་ཤིག་ཡིན་ཕྱིན་ཆད་མགོ་དེར་སྟོང་པ་ཉིད་དུ་གྱུར་བརྗོད་རྒྱུ་དེ་ཐོན་ཡོང་གི་འདུག དེ་ལྟར་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བ་ཡོད་པ་མ་ཟད། བདག་མེད་པའི་ལྟ་བ་དང་འབྲེལ་ཏེ་ལྷ་ཡི་རྣལ་འབྱོར་སྒོམ་རྒྱུ་གསུང་སྐབས་མུ་སྟེགས་པའི་གསང་སྔགས་དང་ཁག་ཁག་ཆགས་འགྲོ་གི་ཡོད། ཅེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་དང་སྟ་གོན་དུ་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་སྩལ་གྲུབ་རྗེས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དངོས་གཞི་སྩལ། བཀའ་དབང་དང་ཁ་ཉིན་གྱི་ཆོས་འབྲེལ་སྐབས་གྲོང་ཁྱེར་མུམ་བྷེའི་ཁུལ་དང་དེ་མིན་ས་གནས་ཁག་གཉིས་ནས་རྒྱ་གར་བ་ནང་པ་མི་གྲངས་ ༡༠༠ བརྒལ་བ་ཆོས་ཞུར་བཅར་འདུག