༢༠༡༣ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༤ དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ ༦༥ འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མི་དམར་ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཚོགས་ཁང་ཞིག་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་དང་ཀེན་བྷེ་རའི་ས་གནས་བོད་རིགས་མཐུན་ཚོགས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་མཛད་སྒོར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་(All-Party Parliamentary Group for Tibet ) ཚོགས་མི་ ༡༥ དང་། བཀའ་ཟུར་དཔལ་འབྱོར་ཚེ་རིང་། ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིགས་འཛིན། རྒྱ་རིགས་དང་། བོད་པའི་གྲོགས་པོ། བོད་རིགས་སོགས་མི་གྲངས་ ༨༠ ལྷག་མཉམ་ཞུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཀེན་བྷེ་རའི་བོད་རིགས་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་རྗེས། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་ཕེབས་བསུ་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཕྱི་ལོ་ ༡༩༤༨ ལོའི་ཟླ་ ༡༢ ཚེས་ ༡༠ མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གཏན་འབེབས་གསལ་བསྒྲགས་གནང་ནས་ལོ་ ༦༥ འཁོར་གྱི་ཡོད། འོན་ཀྱང་འཛམ་གླིང་ཡུལ་གྲུ་མང་པོའི་ནང་ད་དུང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་། ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་རེད། དེ་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༢༣ ཀྱིས་སྐུ་ལུས་མེར་སྲེག་བཏང་ཡོད། དེ་རིང་གི་གོ་སྐབས་འདི་བཟུང་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ཨོ་སི་ཊོ་ལི་ཡའི་གཞུང་དང་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གིས་བོད་ནང་ཚབས་ཆེན་གྱི་དམ་བསྒྲགས་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་། བོད་ཀྱི་གནད་དོན་ཞི་མོལ་ཐོག་ནས་སེལ་ཐབས་དགོས་པའི་སྐུལ་འདེབས་གནང་རྒྱུའི་འབོད་སྐུལ་ཞུས་པ་མ་ཟད། ༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་བརྟེན་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་སོགས་འགྲེལ་བརྗོད་གནང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཆིན་ཅིན་ Chin Jin ནས་གསུང་བཤད་གནང་སྐབས་རྒྱ་ནག་ནི་འཛམ་གླིང་སྟེང་འགྲོ་བ་མིའི་ཐོབ་ཐང་ཐོག་གདུག་རྩུབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་གནང་གི་ཡོད་རུང་། དོན་དངོས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ད་བར་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་ཐོན་ཐུབ་མེད། དེར་རྒྱལ་སྤྱིའི་ཁྲོད་ནས་ད་བར་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཐུབ་མེད་པའི་རྐྱེན་གྱི་རེད་ཅེས་དང་། ཁོང་གི་ད་དུང་ཉེ་སྔོན་ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་ནག་ཏུ་འཚམས་གཟིགས་སྐབས་ན་གཞོན་ཚོས་དཔའ་ངར་ཆེན་པོས་དབང་གྲགས་འགྲན་སློང་བྱེད་དགོས་པའི་སྐུལ་མ་གནང་ཡོད།
སྐབས་དེར་བོད་ནང་དུ་སླར་ཡང་ན་གཞོན་ཞིག་ནས་སྐུ་ལུས་མེར་སྲེག་གནང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག གལ་ཏེ་རྒྱ་ནག་མི་དམངས་རྣམས་ནས་ཨ་རིའི་སྲིད་འཛིན་གཞོན་པའི་གསུང་བཤད་ནང་དོན་ལག་ལེན་བསྟར་ཐུབ་ཚེ་བོད་ནང་གི་བོད་མི་ཚོས་སྐུ་ལུས་མེར་སྲེག་གནད་དོན་ཡང་སྔོན་འགོག་ཐུབ་ཀྱི་རེད་ཅེས་བརྗོད་ཡོད། དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝར་རེན་ལགས་ (Warren Entsch) (Liberal Party) དང་། སྐུ་ཞབས་མེ་ཁལ་ཌེན་བྷེ་ Michael Danby (Labor Party ) ལགས་དང་། ཚོགས་གཞོན་ལྕམ་སྐུ་ས་ར་ཧན་སོན་ཡངྒ་ Sarah Hanson-Young (Green Party) བཅས་ནས་གསུང་བཤད་གནང་སྐབས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (All-Party Parliamentary Group for Tibet) ཚོགས་མི་ལོ་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་པ་དང་། འཐུས་མི་རྣམས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་མཐོང་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་མ་ཟད་། གྲོས་ཚོགས་ཕྱི་ནང་གཉིས་སུ་དུས་རྟག་ཏུ་བོད་དོན་ལ་དོ་སྣང་དང་བོད་ཀྱི་གནད་དོན་གླེང་སློང་བྱེད་བཞིན་པ་མ་ཟད། མ་འོངས་པ་ཡང་མུ་མཐུད་ཨོ་སི་ཊོ་ལི་ཡ་གཞུང་ལ་རྒྱ་ནག་གིས་བོད་རྒྱ་གྲོས་མོལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད། དེ་རྗེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འོས་བསྡུའི་སྐབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སླར་ཡང་འོས་འདེམས་བྱུང་བ་རྣམས་དང་། འཐུས་མི་གསར་པ་བཅས་འཐུས་མི་གྲངས་ ༣༧ ཡོད་པ་རྣམས་ལ་སྐུ་ཚབ་དོན་གཅོད་ལས་ཁང་དང་། ས་གནས་བོད་རིགས་ཚོགས་པ་གཉིས་ནས་བོད་མི་མང་གི་སྐུ་ཚབ་ཞུས་ཏེ་འཚམས་འདྲིའི་མཇལ་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུས། དེའི་སྐབས་རྒྱ་རིགས་ན་གཞོན་ཡང་ཡུ་ Yang Yu ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་ Violin ཨོག་ལེན་ཆུང་བའི་རོལ་ཆ་དཀྲོལ་བར་སྐུ་མགྲོན་རྣམས་པ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད།
སྐབས་དེའི་མཛད་སྒོའི་ལས་རིམ་གཙོ་སྐྱོང་ས་གནས་བོད་རིགས་ཚོགས་པའི་དྲུང་ཆེ་གཞན་ཕན་རྡོ་རྗེས་གནང་བ་དང་། མཇུག་བསྡོམས་ཐུགས་རྗེ་ཆེ་ཞུ་རྒྱུའི་གསུང་བཤད་ཚོགས་གཙོ་ཡེ་ཤེས་ལྷ་མོས་གནང་། མཛད་སྒོའི་རྗེས་སྐུ་མགྲོན་རྣམ་པར་བཞེས་ཏོག་དང་ཆབ་མངར། མཆོད་ཆང་སོགས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས། །