༢༠༡༣ ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་འོག་བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་དགེ་སོགས་ཁྱོན་མི་གྲངས་ ༤༢ ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་པ་གཞན་ཚེ་རིང་དོན་གྲུབ་མཆོག ཁྲིམས་ཞིབ་པ་གཞན་ངག་དབང་ཆོས་གྲགས་མཆོག དེ་བཞིན་ལ་དྭགས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས། སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། སྦྱོང་བརྡར་བ་སློབ་དགེ་རྣམ་པ་སོགས་ལྷན་འཛོམས་ཀྱིས་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པ་དབུ་འཛུགས་ཀྱི་མཛད་རིམ་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད།
དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་གྲུབ་མཚམས། སྤྱི་ཁྱབ་ཁྲིམས་དྲུང་གིས་སློབ་ཁྲིད་གནང་མཁན་ཁྲིམས་ཞིབ་པ་རྣམ་པ་དང་སྦྱོང་བརྡར་བ་རྣམ་པ་ངོ་སྤྲོད་ཞུས་ཏེ་དངོས་གཞིའི་མཛད་སྒོ་གྲོལ། དེ་ནས་ཆུ་ཚོད་ ༡༠ ཐོག་སྦྱོང་བརྡར་དངོས་སུ་དབུ་འཛུགས་ཐོག་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༡ ནས་ ༧ བར་སློབ་ཁྲིད་དང་། ཁྲིམས་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༨ ནས་ ༡༡ བར་སློབ་ཁྲིད། དེ་བཞིན་ཁྲིམས་པ་ངག་དབང་ཆོས་གྲགས་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༡༢ ནས་ ༡༥ བར་སློབ་ཁྲིད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༨ ཉིན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༡༦ ནས་ ༡༩ བར་སློབ་ཁྲིད་དང་། ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༢༠ ནས་ ༢༣ བར་སློབ་ཁྲིད་གནང་རྒྱུ་ཡིན་འདུག
ཕྱེད་ཡོལ་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༢༤ ནས་ ༢༧ བར་སློབ་ཁྲིད་དང་། ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༢༨ ནས་ ༣༡ བར་སློབ་ཁྲིད་གནང་ཡིན་འདུག ཕྱི་ཚེས་ ༢༩ ཉིན་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༣༢ ནས་ ༣༥ བར་སློབ་ཁྲིད་དང་། ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༣༨ ནས་ ༤༡ བར་སློབ་ཁྲིད་གནང་རྒྱུ་ཡིན་འདུག ཕྱེད་ཡོལ་ས་གནས་ཁྲིམས་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༤༢ ནས་ ༤༥ བར་སློབ་ཁྲིད་དང་། ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༤༦ ནས་ ༤༩ བར་སློབ་ཁྲིད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༣༠ ཉིན་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༥༠ ནས་ ༥༣ བར་སློབ་ཁྲིད་དང་། ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༥༤ ནས་ ༥༧ སློབ་ཁྲིད། དེ་བཞིན་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༥༨ ནས་ ༦༡ བར་སློབ་ཁྲིད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༣༡ ཉིན་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༦༦ ནས་ ༦༩ བར་སློབ་ཁྲིད་དང་། ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༧༠ ༧༤ ༧༥ ༧༦ བར་སློབ་ཁྲིད། དེ་བཞིན་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༧༧ ༧༨ ༧༩ ༨༡ བར་སློབ་ཁྲིད་དང་།
ཕྱོགས་མཚུངས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༨༤ ནས་ ༨༧ བར་དཔང་རྟགས་ཁྲིམས་ཡིག་དོན་ཚན་ ༦ ༧ ༨ བར་སློབ་ཁྲིད་སོགས་གནང་རྒྱུ་ཡིན་འདུག མདོར་ན། ཁྲིམས་ཞིབ་པ་རྣམ་པས་ཁྱོན་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པའི་ཐོག་སྦྱོང་བརྡར་བ་རྣམས་ལ་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་གཙོ་བོར་གྱུར་བའི་སྤྱི་མང་དོན་ཚན་ཁག་ལ་དྲི་བ་དྲིས་ལན་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ ཉིན་ཁྲིམས་པ་ཆེ་ངག་དབང་འཕེལ་རྒྱལ་མཆོག་གིས་གཙོ་སྐྱོང་འོག་སྦྱོང་བརྡར་བ་རྣམས་ཚོགས་ཆུང་ཁག་ ༤ ལ་ཆ་བགོས་ཀྱིས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཟུར་སྣོན་ཡིག་ཆའི་ཁོངས་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་། ཞུ་རྩ། ཞུ་ལན། ཁྲིམས་རྩོད་པ་དང་། གྱོད་ཡའི་ངོ་ཚབ། གྱོད་ཡའི་འཐུས་མི་བཅས་ཀྱི་བསྐོ་གཞག་འགེངས་ཤོག་འབྲི་སྟངས། ཁ་མཆུ་ཞུ་གཏུག་གི་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག ཕྱི་ཚེས་ ༥ ཉིན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྦྱོང་བརྡར་བ་རྣམ་པའི་དོགས་དྲི་ཁག་ལ་ལན་འདེབས་དང་གསལ་བཤད་གནང་རྒྱུ། ཕྱེད་ཡོལ་སྦྱོང་བརྡར་བ་རྣམས་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་སྐྱེལ་ལག་ཁྱེར་ཞུ་རྒྱུའི་ཆེད་སྙན་ཞུ་བཟོ་འབུལ་གྲུབ་བསྟུན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་ཞུ་རྒྱུ་ཡིན་འདུག མཇུག་མཐར་སྤྱི་ཁྱབ་ཁྲིམས་དྲུང་གིས་སྦྱོང་བརྡར་མཇུག་བསྡོམས་ཀྱི་མཛད་རིམ་སྒྲོགས་སྦྱང་དང་། སྦྱོང་བརྡར་བ་རྣམས་ཀྱི་སྐུ་ཚབ་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༧ པ་དང་འབྲེལ་བའི་མྱོང་ཚོར་སྐོར་གཏམ་བཤད་གནང་རྒྱུ་ཡིན་འདུག
དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྦྱོང་བརྡར་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཕྱག་འཁྱེར་གནང་རྒྱུ་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ཕྱག་འཁྱེར་གནང་རྒྱུ་ཡིན་འདུག དེ་རྗེས་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་སྦྱོང་བརྡར་མཇུག་བསྡོམས་ཀྱི་གསུང་བཤད་དང་སྐུ་མགྲོན་གཙོ་མཆོག་གིས་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག དེ་བཞིན་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་གྲངས་བཅུའི་རིང་གི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བདུན་པ་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག