༢༠༡༣ ཟླ་ ༡༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༥ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ཀྱི་དམིགས་བསལ་ཚོགས་ཆུང་ Senate’s Extraordinary Commission for the Protection and Promotion of Human Rights ནང་བོད་དོན་ཉན་ཞིབ་སྐབས་ར་སྤྲོད་གནང་དོན།
དེ་རིང་ངས་བོད་མིའི་ཚབ་བྱས་ནས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ཀྱི་དམིགས་བསལ་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་བྱ་རྒྱུའི་གོ་སྐབས་གནང་བར་ཚོགས་ཆུང་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་ཝི་གི་མན་ཀོ་ནི་ (Luigi Manconi) མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་དང་ཨི་ཊ་ལིའི་བར་འབྲེལ་ལམ་ཐོག་མ་དེ་ཕྱི་ལོ་ ༡༧༡༦ ལོར་ཡུལ་འདིའི་ཏོས་ཁ་ན་མངའ་སྡེའི་ཡི་ཤུའི་བླ་མ་ Tuscan Jesuit ཨིབ་པོ་ལི་ཏོ་ཌེ་སི་ཌེ་རི་ Ippolito Desideri མཆོག་ལྷ་སར་འབྱོར་རྗེས་འགོ་འཛུགས་བྱུང་ཡོད། ཁོང་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་མཐར་ཕྱིན་པ་གནང་མྱོང་མཁན་ཡུ་རོབ་མི་སེར་ཐོག་མ་དེ་ཆགས་ཡོད། དུས་སྐབས་དེ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ནི་ད་ལྟའི་བར་དུའང་རྒྱུན་གནས་ཐོག་ཨི་ཊ་ལི་གཞུང་གིས་བོད་མི་ཆབ་སྲིད་སྐྱབས་བཅོལ་ཞུ་མཁན་རྣམས་ལ་ཕ་ཡུལ་གཉིས་པའི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་མ་ཟད། ཨི་ཊ་ལིའི་རྒྱལ་ས་རོམ་གྱིས་གཙོས་གྲོང་ཁྱེར་དང་གྲོང་ཚོ་མང་དག་ཅིག་གིས་༸གོང་ས་ཏཱ་ལའི་བླ་མཆོག་ལ་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་གྱིས་ཆེ་བསྟོད་ཧ་ཅང་ཆེན་པོ་ཞུས་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༨ ཉིན་ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཐོག་གྲོས་ཆོད་བཞག་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བྱས་པ་བརྒྱུད་བོད་ཀྱི་གནད་དོན་སེལ་དགོས་པའི་རེ་འདུན་བཏོན་པ་མ་ཟད། གྲོས་ཆོད་དེའི་ནང་བོད་ནང་དམ་བསྒྲགས་འཕྲལ་མར་མཚམས་འཇོག་དགོས་པ་དང་ཨི་ཊ་ལིའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེར་རྟོག་ཞིབ་སླད་སྐུ་ཚབ་གཏོང་ཆེད་རེ་འདུན་འདོན་དགོས་པའི་འབོད་སྐུལ་གྱི་གྲོས་ཆོད་བཞག་ཡོད། ཕྱོགས་མཚུངས་གྲོས་ཆོད་དེ་དག་ཨི་ཊ་ལིའི་གཞུང་གིས་ལག་བསྟར་དགོས་པའི་འབོད་སྐུལ་ཆེད་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་སླར་ཡང་གྲོས་ཆོད་བཞག་ཡོད།
དེར་བརྟེན་རྒྱབ་སྐྱོར་གྱི་རྣམ་པ་དེ་དག་ལ་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དེ་རིང་ངས་འདིར་བོད་ནང་གི་གནས་སྟངས་སྐོར་གསལ་བཤད་ཞུ་རྒྱུ་ཡིན། བོད་ནང་གི་བོད་མི་ཚོས་དམ་བསྒྲགས་ཤུགས་ཆེའི་འོག་རང་གི་ངོ་བོ་སྲུང་སྐྱོབ་ཆེད་འབད་བརྩོན་གནང་བཞིན་ཡོད་པ་དང་། ཕྱི་རྒྱལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་བཙན་བྱོལ་གྱི་གནས་སྟངས་འོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་འབད་བརྩོན་བྱས་དང་བྱེད་མུས་ཡིན། ཞེས་སོགས་གསུངས་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་དེ་བོད་མིའི་མང་གཙོའི་སྤྱི་ཚོགས་གོང་འཕེལ་གཏོང་གནང་མཛད་སྐོར་དང་། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚེའི་དུས་བཀག་ཚོད་འཛིན་བྱེད་བཞིན་པ་ནི་ཧ་ཅང་ནོར་འཁྲུལ་ཡིན་པ་དང་བོད་མིའི་འཐབ་རྩོད་འདི་ད་ཆ་མི་རབས་གཞོན་པ་ཚོས་ཧུར་སྐྱེད་ཆེན་པོའི་ཐོག་ནས་མདུན་སྐྱོད་བྱེད་བཞིན་ཡོད།
ཕྱི་ལོ་ ༡༩༥༠ སྐབས་མི་དམངས་བཅིངས་བཀྲོལ་དམག་ཐོག་མར་བོད་དུ་འབྱོར་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་ཆ་བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་ནས་མི་ལོ་ ༦༠ ལྷག་ཕྱིན་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་ཚབ་ཏུ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་བྱས་ཏེ་ལྷ་ཡུལ་གྱི་ཚབ་ཏུ་བོད་མི་ཚོར་སྡུག་བསྔལ་འབའ་ཞིག་བསྐྲུན་ཡོད། བོད་ནས་གནས་ཚུལ་གཅིག་རྗེས་གཉིས་མཐུད་འབྱོར་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག གོམས་སྲོལ་སོགས་རྩ་མེད་བཟོ་བཞིན་པ་མ་ཟད། བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ། བོད་མི་ཉེས་མེད་བཙོན་འཇུག་བྱས་པ། སྡུག་སྦྱོང་མནར་གཅོད་བཏང་བ། ཁྲིམས་འགལ་གྱི་སྲོག་ཁྲིམས་བཅད་པ་སོགས་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་ཡོད་པ་ནི་དཔེར་ན། ད་ལྟ་བོད་ནང་བོད་མི་ཆབ་སྲིད་བཙོན་པ་ཤེས་རྟོགས་བྱུང་བའི་གྲངས་འབོར་ ༡༢༠༤ ཡོད་པ་དང་། འདི་ལོ་གཅིག་པུར་མཚོན་ནའང་བོད་མི་ ༢༥༤ བཙོན་འཛུག་བྱས་པ་དང་། ཕྱི་ལོ་ ༢༠༠༨ ནས་ད་བར་བོད་མི་ ༢༢ ཚེ་བཙོན་གྱི་ཉེས་ཆད་བཀལ་ཡོད། ཅེས་གསལ་བཤད་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་ས་གནས་རང་སྐྱོང་གི་གནས་སྟངས་ཐོག་ཨི་ཊ་ལིར་ཉམས་མྱོང་ཕྱུག་པོ་ཡོད་པར་བརྟེན་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིང་པིང་དང་ཉམས་མྱོང་བརྗེས་ལེན་བྱ་རྒྱུའི་གོ་སྐབས་ཧ་ཅང་ཡོད་པ་མཐོང་བཞིན་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་བོད་ནང་དུ་བོད་མིའི་ཤེས་ཡོན་དང་ཆོས་དད་རང་དབང་། བོད་ཀྱི་ཁོར་ཡུག་དང་འབྲོག་པའི་གནས་སྟངས་། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ཟུང་བོད་ནང་དུ་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པའི་བརྒྱུད་རིམ་རྣམས་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་སྐོར་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། བསམ་འཆར་དེ་འབྲེལ་གྱི་ཡིག་ཆ་སོགས་ཕྱི་ལོ་ ༢༠༠༨།༢༠༡༠ སོ་སོར་རྒྱ་ནག་གཞུང་ལ་ངོ་སྤྲོད་བྱས་ཡོད་པ་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེའི་ནང་གཞི་རྩའི་བོད་མིའི་དགོས་མཁོ་དང་འབྲེལ་བའི་གནད་དོན་བཅུ་གཅིག་ཡོད་པ་རྣམས་ནི།
༡༽སྐད་ཡིག ༢༽ལེགས་བྱང་། ༣༽ཆོས་ལུགས། ༤༽ཤེས་ཡོན། ༥༽ཁོར་ཡུག་སྲུང་སྐྱོབ། ༦༽རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། ༧༽དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། ༨༽མང་ཚོགས་ཀྱི་འཕྲོད་བསྟེན། ༩༽མང་ཚོགས་ཀྱི་བདེ་འཇགས། ༡༠༽ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག ༡༡༽རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང་སློབ་གསོ། ཚན་རིག ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་ཆོག་པ་སོགས་ངོ་སྤྲོད་གནང་། མཐར་བཀའ་བློན་མཆོག་གིས་གྲོས་ཚོགས་གོང་མ་བརྒྱུད་ནས་ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད། ༡༽རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་དེ་བོད་ཀྱི་གནད་དོན་སེལ་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པ་དང་། ༢༽བོད་ནང་དམ་བསྒྲགས་འཕྲལ་མར་མཚམས་འཇོག་དགོས་པ། ༣༽བོད་ཀྱི་ས་ཁུལ་ཁག་ཏུ་སྐད་ཡིག་བརྒྱུད་ལམ་དེ་བོད་སྐད་བྱ་རྒྱུའི་ཁས་ལེན་བྱེད་དགོས་པ། ༤༽བཙན་དབང་འོག་བོད་མི་འབྲོག་པ་གཞིས་སྤོ་བྱ་རྒྱུ་མཚམས་འཇོག་དགོས་པ། ༥༽ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གཞུང་དང་ལྷན་ས་གནས་རང་སྐྱོང་གི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ། སོགས་ཀྱི་རེ་འདུན་བཏོན་ཡོད།
ཉན་ཞིབ་གསལ་བཤད་གྲུབ་མཚམས་བཀའ་བློན་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ཚོགས་མི་རྣམས་ཀྱིས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་བ་མ་ཟད། ཉན་ཞིབ་སྐབས་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།