༢༠༡༣ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གིས་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༦ ཉིན་བཏང་གནས་ནང་འཁོད་དོན། རང་ཅག་རྣམས་ལ་བཀའ་དྲིན་ཟླ་མེད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ཧྲིལ་པོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཤིག་རེས་གཟའ་སྤེན་པའི་དགོང་དྲོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་སྐོང་ཚོགས་གནང་ཡོད།
མཛད་སྒོ་ཆ་ཚང་གྲ་སྒྲིག་གནང་མཁན་ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཡིན་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས། དེ་མིན་སྐུ་ཚབ་དོན་གཅོད་ཁང་གི་སྲི་ཞུའི་ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། མང་ཚོགས་བཅས་ཁྱོན་མི་གྲངས་ ༨༥༠ ཙམ་དགའ་སྟོན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད།
སྐབས་དེར་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། སེར་སྐྱ་མང་ཚོགས་ནས་རུ་བསྟར་བསྒྲིགས་ཏེ། བཀྲིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཕེབས་བསུ་ཞུས་རྗེས། ཚོགས་གཙོ་མཆོག་དང་། སྐུ་ཚབ་དོན་གཅོད། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་གྲུབ་བསྟུན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ནོ་བེལ་ཞི་བདེའི་བསྟོད་དབྱངས་རྔ་རོལ་དང་བཅས་དབྱངས་སུ་གྱེར་བ་དང་སྦྲགས། གཞས་སྣ་ཁག་འཁྲབ་སྟོན་གནང་། དེ་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ཀྱིས་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་འཛུགས་སྐྲུན་གནས་སྟངས་གསར་པ་ངོ་སྤྲོད་མདོར་བསྡུས་གནང་བ་དང་ཆབས་ཅིག ཉེ་ཆར་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་སྐབས་ནིའུ་ཡོཀ་ནང་ཡོད་པའི་ཚོགས་སྐྱིད་ཁག་དང་དོན་གཅོད་ཁང་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། ནིའུ་ཡོཀ་དང་ནིའུ་འཇར་སི་ཁུལ་གནས་སྡོད་བོད་མི་མང་ཚོགས་ལ་གདེང་འཇོག་བཀྲིན་ཆེ་བ་མཛད་འདུག་པ་དེ་ནི་ང་རང་ཚོར་མཚོན་ན་དགའ་སྤོབས་འོས་པའི་གཏམ་བཟང་ཞིག་རེད་ཅེས་སོགས་ཀྱི་གསུང་བཤད་གནང་།
ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་གསུང་བཤད་གནང་སྐབས། ཁོང་ཉེ་ཆར་བྱང་ཨ་རིའི་ས་གནས་ཁག་གཅིག་ལ་ཕྱོགས་བསྐྱོད་གནང་བའི་སྐོར་དང་། སྐུ་ཚབ་དོན་གཅོད་ཁང་གིས་མ་འོངས་ལོ་ལྔའི་འཆར་གཞི་ཞིག་བཟོ་བཞིན་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལར་དྭངས་བླང་ཞབས་ཞུར་བཅར་མཁན་ཡོད་ཚེ། སྔར་བཞིན་གོ་སྐབས་ཡོད་པའི་སྐོར། ཚང་མས་རང་དོན་རང་གཅེས་ཀྱིས་དྭངས་བླང་དཔྱ་དངུལ་འབུལ་རྒྱུར་ལྷོད་གཡེང་མ་སོང་བ་དགོས་པའི་འབོད་སྐུལ་གནང་།
སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་སྐབས། བོད་ནང་གི་གནས་སྟངས་ཆེས་ཐབས་སྡུག་པའི་སྐབས་ཏེ། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༦ སྐབས་རྒྱལ་སྲིད་ཆོས་སྲིད་བདག་གིར་བཞེས་པའི་དུས་དང་། བར་གྱི་གནས་སྟངས། མཐར་བཙན་བྱོལ་དུ་ཆིབས་སྒྱུར་མ་བསྐྱངས་ཀ་མེད་བྱུང་བ། བཙན་བྱོལ་དུ་༸ཞབས་སོར་འཁོད་པ་ནས་བཟུང་ད་བར་འགྲན་ཟླ་བྲལ་བའི་མཛད་པ་ཇི་ལྟར་བསྐྱངས་ཡོད་པའི་བཀའ་དྲིན་ལ་དྲན་གསོ་གནང་བ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་གང་འདྲ་བྱས་ཏེ་ཁ་ཕྱོགས་དང་ལངས་ཕྱོགས་མ་ནོར་བ་དགོས་པའི་ལམ་སྟོན་གནང་། ཡང་ཁོང་གིས། དེང་སྐབས་སྤྱི་ཚོགས་ནང་ང་ཚོར་མང་གཙོ་མེད་པའི་གཏམ་བཤད་བྱེད་པ་དང་། མང་གཙོའི་འགོག་རྐྱེན་༸གོང་ས་མཆོག་རེད་མདོག་མདོག རྡ་རམ་ས་ལར་བོད་གཞུང་ཡོད་པ་མ་རེད་ཟེར་བ་སོགས་ཀྱི་སྐད་ཆ་ཤོད་ཀྱི་ཡོད་པ་དེ་ཚོ་དངོས་ཡོད་གནས་ཚུལ་མིན་པ་མང་ཚོགས་ནས་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་པ་མ་ཟད། ད་དུང་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཉུང་ཤས་ཡོད་པ་དེ་ཚོ་རྒྱ་གཞུང་གི་ཆབ་སྲིད་ལག་ཆར་བེད་སྤྱོད་འགྲོ་གི་ཡོད་པར་མང་ཚོགས་ནས་དམིགས་བསལ་དོ་སྣང་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་མང་ཚོགས་ཀྱིས་དབུ་མ་དང་། རང་བཙན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་༢༤འཁོར་བར་དྲན་གསོ་ཞུ་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་ཉིན་མོ་འདིར། གངས་བབས་པ་དང་། དགུན་རླུང་ལྡང་བས་ལོ་འཁོར་འདིའི་ནང་གི་གནམ་གཤིས་གྲང་ངར་ཆེ་ཤོས་ཀྱི་ཉིན་ཞིག་ཡིན་ན་ཡང་། སེར་སྐྱ་མང་ཚོགས་རྣམས་སྤྲོ་སྣང་ཆེན་པོས་མཛད་སྒོར་མཉམ་ཞུགས་བྱེད་རྒྱུ་དང་། དཔལ་ལྡན་ཚོགས་གཙོ་མཆོག་གི་གསུང་བཤད་ཉན་རྒྱུར་སྐྱོན་གང་ཡང་རྒྱབ་མེད་པ་རེད།
མཛད་སྒོའི་ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྐུ་ཚབ་དོན་ཁང་གི་རེ་སྐུལ་ཞུས་པ་ལྟར། བར་ལམ་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཆར་རླུང་གི་རང་བྱུང་གནོད་འཚེའི་དབང་གིས། གཞིས་མིར་འཕྲད་པའི་ངལ་སེལ་ཆེད་ཞལ་འདེབས་འབོད་སྐུལ་གནང་བར་མང་ཚོགས་ཚང་མས་ཁྱོན་ཨ་སྒོར་བཞི་སྟོང་ཙམ་བྱུང་འདུག་པ་ནི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཀུན་སྤྱོད་བཟང་པོ་མཚོན་པ་གནང་ཡོད་པ་བཅས།།