༢༠༡༣ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བྷེལ་འཇམ་ཁུལ་དུ་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག དེ་ཡང་གོང་ཚེས་ཉིན་བཀའ་བློན་མཆོག་སྦར་སིལ་གནམ་ཐང་དུ་ཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། བྷེལ་འཇམ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་བཅས་ཀྱིས་གཙོས་ས་གནས་བོད་མི་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་འདུག ཕྱི་ཚེས་ ༡༠ ཉིན་བྷེལ་འཇམ་བོད་རིགས་ཚོགས་པས་གོ་སྒྲིག་འོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་མཛད་སྒོར་བཀའ་བློན་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མར་མེའི་ཁྲོམ་སྐོར་ནང་མཉམ་ཞུགས་གནང་འདུག ཕྱི་ཚེས་ ༡༡ ཉིན་བཀའ་བློན་མཆོག་ཁུལ་དེའི་ན་ལེནྡྲ་ནང་པའི་ཆོས་ཚོགས་དང་། བཀའ་བརྒྱུད་བསམ་ཡས་རྫོང་། ཨོ་རྒྱན་ཀུན་བཟང་ཆོས་གླིང་བཅས་ལ་གཟིགས་སྐོར་དང་། བྱང་ཆུབ་ཆོས་ཚོགས་ Bodhicharya Center སུ་ཕེབས་ཏེ་ཆོས་ཚོགས་སོ་སོའི་འགན་འཛིན་དང་ཚོགས་མི་ལྷན་མཇལ་འཕྲད་གནང་འདུག ཕྱི་ཚེས་ ༡༢ ཉིན་བཀའ་བློན་མཆོག་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་དང་། བྷེལ་འཇམ་གྱི་ཧུ་ཡེ་ Huy གྲོང་སྡེ་ནང་རྟེན་གཞི་བྱས་པའི་བླ་མ་ཀ་ཏག་རིན་པོ་ཆེ་མཆོག་དམ་པ་ཁོང་གི་ཡོན་ཏན་གླིང་ཆོས་ཚོགས་བཅས་སུ་གཟིགས་སྐོར་ཕེབས་ཡོད།
སྐབས་དེར་ཆོས་ཚོགས་སོ་སོའི་འགན་འཛིན་རྣམས་ཀྱིས་ཆོས་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་གནང་བ་དང་ལྷན་བཀའ་བློན་མཆོག་དེ་གའི་ཆོས་ཚོགས་སུ་ཕེབས་པ་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག བཀའ་བློན་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཞབས་ཞུ་སྒྲུབ་བཞིན་པ་དེར་བསྔགས་བརྗོད་ཀྱང་ཞུས་ཡོད། ཕྱི་ཚེས་ ༡༣ ཉིན་བྷེལ་འཇམ་བོད་རིགས་མཐུན་ཚོགས་པས་གོ་སྒྲིག་ཞུས་ཐོག་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ ༢༤ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བཀའ་བློན་མཆོག་སྐུ་མགྲོནགཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་། སྐབས་དེར་བཀའ་བློན་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐོག་གསུང་བཤད་གནང་འདུག དེ་བཞིན་དེ་ཉིན་སྔ་དྲོ་བཀའ་བློན་མཆོག་བྷེལ་འཇམ་དུ་རྟེན་གཞི་བྱས་པའི་བྷེལ་འཇམ་ནང་པའི་མཐུན་ཚོགས་ཀྱི་ཡིག་ཚང་དུ་ཕེབས་ཏེ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་ལྷན་མཇལ་མོལ་གནང་འདུག
ཕྱི་ཚེས་ ༡༤ དང་ ༡༥ ཉིན་བཀའ་བློན་མཆོག་སྦར་སིལ་ནང་རྟེན་གཞི་བྱས་པའི་བོད་ཀྱི་རིག་གཞུང་ཁང་དང་བྷེལ་འཇམ་གྱི་གྲོང་ཁྱེར་ཨེནྜ་ཝར་པན་ Antwerpenནང་བྷེལ་འཇམ་བོད་རིགས་ཚོགས་པས་བཙུགས་པའི་བོད་ཡིག་སློབ་གྲྭར་གཟིགས་སྐོར་དང་སྦྲགས་བྷེལ་འཇམ་ནང་གི་བོད་རིགས་སློབ་ཕྲུག་རྣམས་ལ་བོད་པའི་སྐད་ཡིག་དང་རིག་གཞུང་ཤེས་རྟོགས་སླད་མཐུན་འགྱུར་གནང་བར་བསྔགས་བརྗོད་གནང་འདུག དེ་བཞིན་བཀའ་བློན་མཆོག་གིས་གོང་ཚེས་ཉིན་སྦར་སིལ་དང་ཨེནྜ་ཝར་པན་ནང་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་། བཀའ་བློན་མཆོག་ཕྱི་ཚེས་༡༩ ཉིན་རྒྱ་གར་ལ་ཕྱིར་ཕེབས་མ་གནང་གོང་ཕྱི་ཚེས་ ༡༧ ཉིན་ཨེམ་སི་ཊར་ཌམ་Amsterdam དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།