༢༠༡༣ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༠ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༨༥ སོན་པའི་ཆི་ལིའི་དངོས་ཁམས་ཚན་རིག་པ་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྨྲ་བ་སྐུ་ཞབས་ཧུམ་བྷར་ཏོ་མ་ཏུ་ར་ན་མཆོག་ Humberto Maturana གིས་གཙོས་ཚན་རིག་པ་ཁག་གཅིག་དང་མཇལ་འཕྲད་མཛད་ཡོད། སྐབས་དེར་༸གོང་ས་མཆོག་དང་སྐུ་ཞབས་ཧུམ་བྷར་ཏོ་མ་ཏུ་ར་ན་རྣམ་གཉིས་ཀྱིས་སྐྱེ་དངོས་ཚན་རིག་སྐོར་བགྲོ་གླེང་མཛད་སྐབས་འགྲོ་བ་མིའི་རིགས་ལ་སྐྱེ་དངོས་གཞན་དང་མི་འདྲ་བའི་སྐད་བརྡའི་ཐོག་ནས་ཕན་ཚུན་འབྲེལ་ལམ་བྱེད་ཐུབ་པ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་འཚོ་གནས་བྱེད་མཁན་གྱི་སྲོག་ཆགས་ཤིག་ཡིན་པར་བརྟེན། སྐྱེ་དངོས་སྲོག་ཆགས་གཞན་ལས་མི་འདྲ་བ་ཞིག་ཡིན་ནའང་གཞི་རྩའི་ཕུང་པོའི་གྲུབ་ཆའི་ཐོག་ནས་དཔྱད་སྐབས་མི་རྣམས་ཀྱང་སྐྱེས་དངོས་གཞན་དང་འདྲ་བར་རྫས་རྡུལ་ཕྲ་མོ་ molecules ལས་གྲུབ་པ་ཞིག་ཡིན་སྐོར་བགྲོ་གླེང་མཛད་པ་མ་ཟད། སེམས་ཚོར་ཐོག་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སེམས་ཚོར་དེ་ངེས་པར་དུ་སྐད་བརྡ་ལ་བརྟེན་དགོས་པ་ཞིག་མིན་སྐོར་བཀའ་སྩལ་བ་དང་སྦྲགས། སེམས་དེ་ལུས་ཀྱི་ཆ་ཤས་ལས་རྣམ་པ་ཐ་དད་པའི་ངོ་བོར་གནས་ཡོད་དམ་ཞེས་༸གོང་ས་མཆོག་གིས་བཀའ་འདྲི་མཛད་པར་སྐུ་ཞབས་ཧུམ་བྷར་ཏོ་མ་ཏུ་ར་ན་མཆོག་གིས་སེམས་དེ་ལུས་ཀྱི་ཆ་ཤས་ལས་ངོ་བོ་ཐ་དད་པའི་རྣམ་པ་ཅན་དུ་མ་གནས་པར་ཀླད་པ་དང་འབྲེལ་བ་ཡོད་སྐོར་ལན་འདེབས་ཞུ་སྐབས། མགོན་པོ་གང་ཉིད་མཆོག་གིས་ཇར་མན་ཀླད་ཁམས་ཚན་རིག་པ་སྐུ་ཞབས་ཝུལྤ་སིངྒར་ Wolf Singer མཆོག་གིས་སྐབས་ཤིག་ལ་ཀླད་པར་བརྟག་དཔྱད་བྱེད་སྐབས་ཀླད་པར་སྟངས་འཛིན་བྱེད་མཁན་འདི་རེད་ཅེས་ལྟེ་བ་ཞིག་མེད་པའི་མཐོང་སྣང་བྱུང་སྐོར་ཐུགས་དྲན་གསོ་མཛད།
གཞན་ཡང་སྐབས་དེར་གཞོན་སྐྱེས་ཤིག་གིས་རྗེས་ལོར་༸གོང་ས་མཆོག་ཆི་ལིར་ཞི་བདེའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་པར་བརྟེན། ལྷན་ཚོགས་དེར་མཉམ་ཞུགས་གནང་མཁན་ཚོར་བཀའ་སློབ་སྩོལ་རོགས་ཞུས་པར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། མི་ཚང་མ་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད། བདེ་བ་ཐོབ་པར་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བྱེད་དགོས། ང་ཚོས་ཀུན་སློང་ཇི་འདྲ་ཞིག་འཁྱེར་མིན་ལ་མ་ལྟོས་པར་གལ་ཏེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་འགྲོ་མ་ཐུབ་པ་ཡིན་ན་དམིགས་ཡུལ་བསྒྲུབ་ཐབས་མེད། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ཁུངས་སུ་གཏོགས་ཡོད་བསམ་པའི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་པའི་ཐོག་ནས་མི་གཞན་གྱི་ཐོབ་ཐང་དང་བསམ་ཚུལ་ལ་གུས་བརྩི་ཞུ་དགོས། རྙོག་གྲ་ནམ་བྱུང་སྐབས་དེ་དག་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཞེས་བཀའ་སློབ་སྩལ།
དེ་རྗེས་ཨུ་རུ་སུའི་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད། སྐབས་དེར་གསར་འགོད་པ་ཞིག་གིས་དབུལ་ཕྱུག་དབར་གྱི་བར་ཐག་ཇེ་ཆེར་འགྲོ་བཞིན་པ་འདི་མེད་པ་བཟོ་རྒྱུའི་ཐབས་ཤེས་གང་ཡོད་སྐོར་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དཀའ་ངལ་འདི་དེང་སྐབས་ཛ་དྲག་ཆེ་ཤོས་ཤིག་ཆགས་ཡོད་པར་བརྟེན་ངེས་པར་དུ་སེལ་ཐབས་བྱེད་དགོས། རྒྱ་གར་ཙམ་མིན་པར་ཨུ་རུ་སུ་དང་རྒྱ་ནག ཨ་རི་སོགས་ཀྱི་ནང་དབུལ་ཕྱུག་དབར་གྱི་བར་ཐག་དེ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་སྟངས་འདི་ནི་བཟང་སྤྱོད་དང་འགལ་བ་ཙམ་མ་ཟད། དོན་དངོས་ཐོག་རྙོག་གྲ་ཡོང་གཞི་ཞིག་ཀྱང་ཆགས་ཡོད། དཀའ་ངལ་དེ་ཕྱོགས་གཉིས་ཀྱི་ཐོག་ནས་སེལ་དགོས། ཕྱུག་བདག་ཚོས་དབུལ་ཕོངས་ཚོར་རོགས་རམ་བྱེད་དགོས་པ་ཙམ་མ་ཟད། དབུལ་ཕོངས་ཚོས་ཀྱང་འབད་བརྩོན་བྱེད་དགོས་པ་ལས་ཁོང་ཁྲོ་དང་དངངས་སྐྲག་བྱེད་པ་ཙམ་གྱིས་ཕན་ཐོགས་མེད། ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པ་གཞན་ཞིག་གིས་དཀྱིལ་ཤར་ཡུལ་གྲུའི་ནང་དང་ལྷག་པར་སི་རི་ཡའི་ནང་འཁྲུག་རྩོད་ཤོར་བཞིན་པའི་གནད་དོན་ཐོག་དྲི་བ་ཞུས་པར་༸གོང་ས་མཆོག་གིས་དཀའ་ངལ་དེ་དག་འདས་པའི་དུས་རབས་སྔོན་མའི་ནང་། དཀའ་ངལ་ཚང་མ་དྲག་ཤུགས་ཀྱིས་སེལ་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལས་ལྷག་པ་ཞིག་ཡིན། དེང་སྐབས་མི་མང་ཚོས་གཞི་ནས་དཀའ་ངལ་དེ་དག་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་པའི་ར་སྤྲོད་གསལ་པོ་འབྱུང་བཞིན་ཡོད། ཅེས་བཀའ་ལན་སྩལ། ཕྱོགས་མཚུངས་གསར་འགོད་པ་ཞིག་གིས་སྐབས་དེར་མི་འགའ་ཤས་ཀྱིས་མི་གཞན་ལ་བཤུ་གཞོག་གཏོང་བའི་བྱ་སྤྱོད་ནི་དུད་འགྲོའི་སྤྱོད་པ་དང་མཚུངས་པ་ཞིག་མིན་ནམ་ཞེས་དྲི་བ་ཞུས་པར་༸གོང་ས་མཆོག་གིས་དཀའ་ངལ་དེ་དག་ནི་གཙོ་བོ་བཟང་སྤྱོད་ཀྱི་མ་འདང་པའི་ཐོག་ནས་ཡོང་བཞིན་ཡོད། བཟང་སྤྱོད་བརྗོད་སྐབས་རྩ་ཆེན་པོ་ཞིག་ལ་བརྩི་རྒྱུ་མེད། བཟང་སྤྱོད་བསྟེན་དགོས་རྒྱུ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པའི་དགོས་མཁོ་ཧ་ཅང་ཆེ་བའི་གནས་ཚུལ་ཞིག་ཆགས་ཡོད། སོ་སོ་རང་ཉིད་མ་གཏོགས་མི་གཞན་གྱི་བདེ་དོན་ལ་རྩ་བ་ཉིད་ནས་བསམ་བློ་མ་བཏང་བ་ཡིན་ན་ང་ཚོ་དཀའ་ངལ་ནང་ལྷུང་རྒྱུ་རེད། དྲང་པོ་དྲང་གཞག་དང་། ཁ་རེ་ཁ་ཐུག་བྱ་རྒྱུའི་ཀུན་སློང་གིས་སེམས་ནང་བློ་སྟོབས་འཕེལ་རྒྱུ་ཙམ་མ་ཟད། མི་གཞན་གྱིས་རང་ལ་ཡིད་ཆེས་ཡོང་རྒྱུ་ཡིན། དེ་བཞིན་རང་ཉིད་ཀྱི་སེམས་ནང་སོས་དལ་ཡོང་རྒྱུ་དང་། སེམས་ངལ་སོགས་མེད་པ་ཆགས་རྒྱུ་རེད། ཅེས་བཀའ་ལན་མཛད། སང་ཉིན་༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག་པ་བཅས།།