༢༠༡༣ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་སྒྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༣ ཉིན་སེ་ར་ཐེག་ཆེན་གླིང་དུ་ཆེད་གཉེར་གསར་འགོད་པས་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བསྟན་འཛིན་མཁྱེན་བརྩེ་ལགས་དང་གསར་འགྱུར་བརྒྱུད་ལམ་ཁག་གི་འབྲེལ་མཐུད་པ་དགེ་བཤེས་བསྟན་འཛིན་དཔལ་མཆོག་ལགས་ལྷན་རྒྱས་ལ་བཅར་འདྲི་ཞུས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་མཛད་འཆར་གཙོ་བོ་ལོ་སྔོན་མ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྩལ་བའི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཆོས་འབྲེལ་གྱི་ལྷག་མ་རྣམས་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ བར་ཆོས་འབྲེལ་སྩལ་རྒྱུ་གཙོ་བོ་ཡིན་པ་དང་དེའི་བར་ལ་སྨར་ཁམས་མི་མང་ནས་བརྟན་བཞུགས་བསྟར་འབུལ་དང་། ཆོས་འབྲེལ་ཉིན་མཐའ་མར་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག དེ་བཞིན་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཐོན་པའི་སློབ་གཉེར་བ་རྣམས་ལ་༸གོང་ས་མཆོག་དབུ་བཞུགས་ཐོག་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་ཀྱང་གོ་སྒྲིག་ཞུ་བཞིན་འདུག
ལོ་སྔོན་མའི་ལྷག་འཕྲོས་འདི་ལོ་ཆོས་འབྲེལ་སྩལ་རྒྱུ་རྣམས་ནི། རྟོགས་བརྗོད་མདུན་ལེགས་མ་དང་། ཡོན་ཏན་གཞིར་གྱུར་མ། ལམ་གཙོ་རྣམ་གསུམ། ལམ་རིམ་ལེགས་གསུངས་ཉིང་ཁུ། ལམ་རིམ་གསེར་གྱི་ཡང་ཞུན། ལམ་རིམ་བདེ་ལམ། ལམ་རིམ་འཇམ་དཔལ་ཞལ་ལུང་། ལྷོ་བརྒྱུད་ལམ་རིམ། ལམ་རིམ་མྱུར་ལམ། ལམ་རིམ་བདུད་རྩིའི་སྙིང་པོ། ཞྭ་དམར་ལམ་རིམ། ལྷག་མཐོང་དཀའ་འགྲེལ། སོགས་ཡིན་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་གདན་ས་ཆེན་པོ་གསུམ་ནང་ཡོད་པའི་གྲྭ་ཚང་དྲུག དེ་བཞིན་ཆོས་སྡེ་བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད། ར་སྟོད་གྲྭ་ཚང་། འབྲས་བླ་སྤྱི། བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་དང་། བྲག་རི་རིན་པོ་ཆེ་སོགས་ཆོས་སྡེ་ཁག་དང་གྲྭ་ཚང་ཁག་ལ་སོགས་པས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་ཏེ། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་སེར་བྱེས་གྲྭ་ཚང་གི་ཆོས་ར་ཆེན་མོའི་ནང་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་སྩལ་རྒྱུའི་གོ་སྒྲིག་དང་༸གོང་ས་མཆོག་ཁུལ་འདིར་ཆིབས་སྒྱུར་བསྐྱངས་པར་ཆོལ་གསུམ་བོད་མི་གཙོ་བོར་གྱུར་བའི་གཞིས་ལས་ཁང་ཁག་དང་དགོན་སྡེ་ཁག གཞོན་ནུ་བུད་མེད་སོགས་ཚོགས་སྐྱིད་ཁག་སོགས་ནས་བཀའ་དྲིན་ཆེ་ཞུའི་ཕེབས་བསུའི་འཕྲེད་དར་སྣ་ཚོགས་དང་རྒྱལ་སྒོ་མང་པོ་བཟོ་སྒྲིག་གིས་ཕེབས་བསུ་ཧ་ཅང་གཟབ་རྒྱས་ཞུ་རྒྱུར་གྲ་སྒྲིས་འཐུས་ཚང་ཞུ་བཞིན་འདུག
ཐེངས་འདིའི་ཆོས་འབྲེལ་ཡོངས་རྫོགས་སྐད་རིགས་མི་འདྲ་བ་བཅུའི་ཐོག་བསྒྱུར་གནང་རྒྱུའི་གྲ་སྒྲིག་གནང་བཞིན་འདུག་པ་རྣམས་ནི། དབྱིན་སྐད་དང་། རྒྱ་སྐད། རུ་སུའི་སྐད། སོག་པོའི་སྐད། ཨི་ཊ་ལིའི་སྐད། ཕ་རན་སིའི་སྐད། ཝི་ཏི་ནམ་སྐད། སི་པན་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སྐད་བཅས་ནང་གསུང་སྒྱུར་གྱི་གྲ་སྒྲིག་གནང་འདུག དེ་བཞིན་དྲ་རྒྱ་ dalailama.com དང་ jangchuplamrim.org བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བཅས་ནང་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་འདུག་པ་བཅས།།