༢༠༡༣ ཟླ་ ༡༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་ཉེ་ལམ་ཐད་བསྐོས་གནང་བའི་ལྷོ་ཕྱོགས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། དྲུང་འཕར་ཚེ་གསུམ་ལྷ་མོ་ལགས་ཀྱིས་གཙོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ཚང་འཛོམས་ཐོག་དྲུང་འཕར་ཚེ་གསུམ་ལྷ་མོ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ས་གནས་ཁྲིམས་ཞིབ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ།
དེ་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་སྐུ་མདུན་ནས་ལས་ཁུར་དམ་འབུལ་ཞུས་རྗེས། ས་གནས་ཁྲིམས་ཞིབ་པ་གསར་པར་རྟེན་འབྲེལ་མཇལ་དར་ཕུལ་ནས་འཚམས་འདྲི་ཞུས། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ས་གནས་ཁྲིམས་ཞིབ་པ་གསར་པའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་སྦྲགས། འབྱུང་འགྱུར་ལས་དོན་ཐོག་ལམ་སྟོན་གསུང་བཤད་གནང་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་ནས་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས་ནི། ཕྱི་ལོ་ ༡༩༧༧ ལོར་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་སྐྱེས་པ་དང། མན་སྤར་གཏན་ཉིན་སློབ་གྲྭའི་ནང་འཛིན་རིམ་བརྒྱད་པ་སློབ་ཐོན་གྱིས་ཤེས་རིག་ལས་ཁུངས་ནས་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་ཐོབ།
ཕྱི་ལོ་ ༡༩༩༦ ལོར་ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས། དབུ་མ་གོང་འོག་ལོ་བཞི་དང་། བསྟན་བཅོས་ལོ་རིམ་གསུམ། སློབ་དཔོན་ལོ་རིམ་གཉིས་བཅས་ཐེག་པ་རིམ་འཛེགས་ཀྱིས་གནས་རིམ་དང་པོའི་གྲས་སུ་ཕྱི་ལོ་ ༢༠༠༦ བསླབ་པ་ལེགས་པར་མཐར་སོན། སློབ་གཉེར་གྱི་དུས་ཡུན་རིང་གཱན་དྷི་ཚན་རིག་དང་འཕྲུལ་ལས་རིག་པའི་སློབ་གཉེར་ཁང་ནས་གོ་སྒྲིག་བྱས་པའི་ཉིན་བཅུའི་ཟབ་སྦྱོང་ནང་ངོ་བཅར་དང། ཝར་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པའི་དངུལ་གཉེར་གྱི་ལས་ཁུར་ཞུས་ཏེ་དཔལ་འབྱོར་གསོག་སྒྲུབ་དང་། དཔེ་དེབ་དཀོན་པའི་རིགས་དཔར་སྐྲུན་འགྲེམས་སྤེལ། ཚོགས་ཁང་དང་མཁོ་ཆས་བསྐྱར་གསོ་བཅས་ཀྱི་ཞབས་འདེགས་མི་དམན་ཙམ་ཞུས།
དེའི་རྗེས་སློབ་ཕྲུག་ཡོངས་རྫོགས་ཀྱི་མང་མོས་འོས་བསྡུའི་ཐོག་ནས་འདེམས་ཐོན་གྱིས་ཝར་ཎ་སློབ་གཉེར་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་ཞུས་ཏེ་བུའི་ཉལ་ཁང་ཡོངས་རྫོགས་བསྐྱར་གསོ་བྱུང་བ་དང། སློབ་ཕྲུག་ལ་ཕན་པའི་ཟབ་སྦྱོང་ཁག་གོ་སྒྲིག་དང། བསྟན་བཅོས་དང་སློབ་དཔོན་འཛིན་རིམ་ཐོན་མཚམས་དགེ་རྒན་འོས་སྦྱོང་བྱ་འདོད་ཡོད་རིགས་ཀྱི་སློབ་གཉེར་བ་རྣམས་ལ་བསླབ་པའི་བསྟན་བཅོས་༼B.Ed༽གོ་སྒྲིག གཞན་ཡང་སྔར་ཆད་འབྲེལ་ལམ་དང་རོགས་སྐྱོར་ཁག་བསྐྱར་གསོ་བྱས་ཡོད་པ་བཅས་ཀྱི་ཞབས་འདེགས་གང་ཐུབ་ཞུས་ཡོད། བསླབ་པ་མཐར་སོན་རྗེས་ཝར་ཎ་ཞི་འཚོའི་དཔེ་མཛོད་ཁང་དུ་ལོ་གཉིས་རིང་དཔེ་རྙིང་མཁོ་གྲུབ་དང་གློག་ཀླད་བརྒྱུད་བསྐྱར་བཅོས་བྱ་རྒྱུའི་ལས་ཁུར་ཞུས།
ཕྱི་ལོ་ ༢༠༠༧ ལོར་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཐད་བསྐོས་ཀྱིས། རྩིས་དྲུང་གི་ལས་ཁུར་ཞུ་མུར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་ཁྲིམས་ཞིབ་པ་གསུམ་ཐད་བསྐོའི་འདེམས་རྒྱུགས་སུ་ཡིག་རྒྱུགས་འཕྲོད་དེ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་བསྐོ་གཞག་བསྩལ་ཡོད་པ་བཅས།།