༢༠༡༣ ཟླ་ ༡༡ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །གཉན་ནད་རེག་དུག་འདི་འཛམ་གླིང་མི་རིགས་གཞན་དང་འདྲ་བར་བོད་མི་ཚོར་ཡང་འགོས་ཀྱི་ཡོད། ན་ཚ་དེ་ཕོག་པའི་གྲངས་ཚད་འཕེལ་བཞིན་ཡོད་པས་ང་ཚོའི་དམིགས་ཡུལ་ནི་ནད་པ་གསར་པ་གཅིག་ཀྱང་མི་ཡོང་བ་བཟོ་རྒྱུ་དེ་ཡིན། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱལ་སྤྱིའི་གཉན་ནད་རེག་དུག་ཉིན་མོ་འདིར་ང་ཚོས་འཛམ་གླིང་ཡོངས་ལ་གཉན་ནད་རེག་དུག་ནད་ནས་འདས་གྲོངས་དུ་སོང་བའི་ནད་པ་ཚོར་རྗེས་དྲན་དང། ཁོང་ཚོའི་སྙིང་ཉེ་རྣམས་དང་ལྷན་དུ་ནད་དུག་ཚབས་ཆེན་འདི་རྩ་མེད་བཟོ་རྒྱུའི་ལས་འགུལ་དེར་མཉམ་ཞུགས་བྱེད་ཀྱི་ཡོད། ང་ཚོ་རྒྱ་གར་ནང་གནས་སྡོད་བོད་མིའི་སྤྱི་ཚོགས་ནང་ལོ་མང་རིང་ཕྱར་བ་གྲུ་འདེགས་ཀྱིས། ཤེས་རྒྱ་དང་། སློབ་གསོ་སྤྲོད་རྒྱུར་འབད་བརྩོན་བྱས་ཡོད་ཀྱང་། ཨེ་ཛིའི་ནད་པའི་གྲངས་འབོར་དེ་བས་འཕེལ་བཞིན་ཡོད་པ་དེ་ནི་དོ་ཁུར་ཤུགས་ཆེ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་རྟོག་ཞིབ་སྙན་ཐོའི་ནང་སྤྱི་ལོ་ ༢༠༡༢ ལོར་བོད་མིའི་ཆེད་དམིགས་གཞིས་ཆགས་ཁག་ནང་ཁྱོན་བསྡོམས་གཉན་ནད་རེག་དུག་ནད་པ་བཅུ་གཉིས་ཐོན་པ་འཁོད་ཡོད་ཀྱང་། དོན་དངོས་ཐོག་ང་ཚོ་བོད་མིའི་སྤྱི་ཚོགས་ནང་ནད་གཞི་དེས་མནར་བའི་གྲངས་འབོར་དེ་ལས་མང་བ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། མིང་ཆས་ངན་པ་དང་། མཐོང་ཆུང་། གཉན་ནད་ཀྱི་ནད་དུག་སྐོར་ལ་གོ་རྟོགས་ཉུང་བ། དེ་བཞིན་དེའི་ཐད་འཇིགས་སྣང་བྱེད་པ་སོགས་ནི་སྙན་ཐོའི་ནང་མ་བཀོད་པ་དང་སྔོན་འགོག་བརྟག་དཔྱད་མི་བྱེད་པའི་རྒྱུ་རྐྱེན་ཁག་གཅིག་ཡིན་པ་རེད།
འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་འདིར་ཚང་མས་གཉན་ནད་ཀྱི་ནད་དུག་སྐོར་ལ་རྒྱུས་ལོན་བྱེད་རྒྱུ་དང་སྔོན་འགོག་བྱ་ཕྱིར་གང་ཤེས་པ་དེ་དག་ལག་ལེན་ཐོག་འགེལ་རྒྱུའི་གོ་སྐབས་བཟང་པོ་ཞིག་རེད། ནད་དུག་དེ་ཇི་ལྟར་འགོས་ཀྱི་ཡོད་པ་དང་སྔོན་འགོག་གང་འདྲ་བྱེད་དགོས་པ། མ་ཟད་ན་ཚ་འདི་ན་བཞིན་པའི་ནད་པ་ཚོའི་འཚོ་བ་སྐྱེལ་སྟངས་སྐོར་ཤེས་ན་རང་གཞན་གཉིས་ཀའི་འཕྲོད་བསྟེན་ལ་དོ་སྣང་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེང་དུས་སྨན་སྦྱོར་ཡར་རྒྱས་དང་ནད་དུག་ཉེན་ཚབས་གཅོག་པའི་ཐབས་ཤེས་བཟང་པོ་སྣ་ཚོགས་ཡོད་སྟབས། གཉན་ནད་རེག་དུག་ནད་གཞི་ཡོད་པའི་ནད་པ་ཚོ་ལའང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུའི་གོ་སྐབས་ཡོད། ང་ཚོས་གཉན་ནད་རེག་དུག་ནད་པ་ཚོར་བྱམས་སྐྱོང་དང་བརྩི་བཀུར་བྱེད་དགོས། ཁོང་ཚོར་དམའ་འབེབས་དང་དབྱེ་འབྱེད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས། ང་ཚོ་རང་ཉིད་ལ་ཡང་ནད་དུག་དེ་ཡོད་སྲིད། དེར་བརྟེན་ཕོ་མོ་ཚང་མས་སྔོན་འགོག་བརྟག་དཔྱད་བྱས་ཏེ་རང་ཉིད་ལ་ནད་དུག་ཡོད་མེད་ཤེས་དགོས་པ་བྱེད་དགོས། སྔ་ས་ནས་ནད་དུག་དེ་རྩད་འཚོལ་བྱེད་ཐུབ་ན་དུས་ཐོག་སྨན་བཅོས་བྱེད་ཐུབ་པ་ཡོང་གི་རེད། གཉན་ནད་རེག་དུག་ཡོད་པའི་བུད་མེད་སྦྲུམ་མ་ཚོས་ངེས་པར་དུ་སྨན་པར་སྐད་ཆ་བཤད་དེ་སྨན་བཅོས་ཀྱི་རོགས་རམ་ལ་བརྟེན་ནས་རང་ཉིད་ཀྱི་བྱིས་པར་ན་ཚ་མི་འགོ་བའི་དོ་སྣང་ནན་པོ་བྱ་དགོས།
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་ལྟར་ན་འདས་པའི་ལོ་ངོ་སུམ་ཅུའི་ནང་ཁྱོན་མི་གྲངས་ས་ཡ་ཉི་ཤུ་རྩ་ལྔ་ཙམ་ གཉན་ནད་རེག་དུག་ན་ནས་གྲོངས་ཡོད་པ་དང་། ༢༠༡༢ ལོར་རྒྱ་གར་ནང་ས་ཡ་གཅིག་དང་འབུམ་གཅིག་ཐེ་བས། འཛམ་གླིང་ནང་ཁྱོན་མི་གྲངས་ས་ཡ་སུམ་ཅུ་སོ་ལྔ་ཙམ་གཉན་ནད་རེག་དུག་ནད་པ་ཡིན་པ་འཁོད་ཡོད། ནད་གཞི་དེས་འཛམ་གླིང་ཡོངས་ལ་ཚོགས་པ་དང་སྤྱི་ཚོགས་ཚང་མར་མུ་མཐུད་འཕྲོད་བསྟེན་གྱི་དཀའ་ངལ་སྤྲོད་བཞིན་ཡོད།
ལྷག་པར་དུ་དངངས་འཚབ་བྱེད་དགོས་པ་ཞིག་ནི་ད་དུང་ཡང་ནད་ཡམས་དེའི་ནད་དུག་གི་ཁྱབ་ཤུགས་ཆེན་པོ་ཡོད་པ་རེད། ༢༠༡༢ ལོའི་ནང་འཛམ་གླིང་ཡོངས་སུ་ཁྱོན་མི་གྲངས་ས་ཡ་གཅིག་དང་འབུམ་ཕྲག་གསུམ་ལྷག་ཙམ་ལ་ནད་དུག་དེ་གསར་དུ་འགོས་ཡོད་པ་རེད། རྒྱ་ནག་ནི་འཛམ་གླིང་ནང་ནད་དུག་དེ་ཁྱབ་གདལ་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་ཅིང་། ༢༠༡༡ ལོའི་ནང་ན་ཚ་དེ་ཕོག་པའི་མི་གྲངས་ཁྱོན་འབུམ་བདུན་ཅུ་དོན་བརྒྱད་ཙམ་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ན་ཚ་དེའི་གནས་ཚུལ་ཐོག་མ་ ༡༩༩༤ ལོའི་ནང་ཐོན་ཡོད་པ་དང་། ནད་གཞི་དེའི་དབང་གིས་འཆི་རྐྱེན་བྱུང་བ་ཐོག་མ་དེ་ ༢༠༡༡ ལོ་ཡིན་པ་གསལ་ཡོད། དེང་སྐབས་བོད་རང་སྐྱོང་ལྗོངས་ནང་མི་གྲངས་སུམ་བརྒྱ་ཙམ་ལ་ན་ཚ་དེ་ཡོད་པ་གསལ། དེ་ཡང་པེ་ཅིང་གཞུང་གིས་གཉན་ནད་རེག་དུག་ནད་པ་ཚོར་དོ་ཁུར་མེད་པའི་ལྟ་སྟངས་དང་། བོད་ནང་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པ། ལྷག་པར་བོད་ནང་གཉན་ནད་རེག་དུག་ནད་པ་ཡིན་པའི་རྒྱ་མི་འབོར་ཆེ་བ་དང་། དེ་བས་ ༢༠༠༦ ལོ་ནས་བཟུང་གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་ལ་བརྟེན་ནས་རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་སླེབ་བཞིན་པ་བཅས་ཀྱིས་བོད་དུ་ནད་གཞི་འདི་དང་འབྲེལ་བའི་གནས་སྟངས་ཉག་ཕྲ་བར་གྱུར་ཡོད།
འདི་ག་འཕྲོད་བསྟེན་ལས་ཁང་ནས་ཕྱི་ཟླ་ ༡༢ ཆ་ཚང་གཉན་ནད་རེག་དུག་གོ་རྟོགས་སྤེལ་བའི་དུས་ཚོད་དུ་བཟུང་སྟེ་གོ་རྟོགས་ལས་འགུལ་སྤེལ་ནས་དབུས་ས་གཉིས་ཀའི་འཕྲོད་བསྟེན་ལས་བྱེད་རྣམས་རྒྱ་གར་གྱི་ས་གནས་གང་སར་བསྐྱོད་དེ་མཐོ་སློབ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། གཞིས་ཆགས་ཁག དེ་བཞིན་རྒྱ་གར་ནང་ཕྱོགས་གང་སར་ཡོད་པའི་སུ་ཊར་བཙོང་མཁན་བཅས་ཡོད་སར་བསྐྱོད་དེ་གཉན་ནད་རེག་དུག་ནད་དུག་གི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་ཡིན། ང་ཚོས་ནུས་ཤུགས་ཡོད་ཚད་སྤྱད་དེ་སྔོན་འགོག་དང་། བཅོས་ཐབས་བྱས་ཏེ་རང་རེའི་སྤྱི་ཚོགས་ནང་ནད་འདིའི་ཉེན་ཁ་ཆུང་དུ་གཏོང་རྒྱུའི་འདུན་པ་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གནད་དོན་དེར་དོ་སྣང་ཤུགས་ཆེ་གནང་ཡོད་ལ་ཕྱིན་ཆད་ཀྱང་ཕྱོགས་གང་ཅིའི་ཐད་ནས་དེ་ལྟར་བྱེད་རྒྱུ་ཡིན། དེ་ཡང་ནད་གཞིའི་སྐོར་སློབ་སྦྱོང་སྤྲོད་རྒྱུ་དང་། ན་ཚ་སྔོན་འགོག་ཆེད་འགྱིག་ཤུབས་སྤྱོད་རྒྱུའི་གལ་གནད་གསལ་བཤད་བྱེད་རྒྱུ་དང་། ནད་དུག་དེ་དང་འབྲེལ་བའི་ལམ་སྟོན་གྱི་ཟབ་སྦྱོང་སྤྲོད་རྒྱུ། དེ་བཞིན་ང་ཚོའི་སྨན་ཁང་ཁག་ཏུ་བུད་མེད་སྦྲུམ་མ་རྣམས་ལ་རིན་མེད་ཐོག་ཨེ་ཛིའི་ནད་དུག་བརྟག་དཔྱད་བྱེད་རྒྱུ་དང་། ན་ཚ་ཡོད་པའི་བོད་མི་ཚོར་རྒྱབ་སྐྱོར་གྱི་ཚོགས་འདུ་འཚོགས་པ་སོགས་བྱས་དང་བྱེད་བཞིན་ཡོད། མ་ཟད་འཕྲོད་བསྟེན་ལས་ཁུངས་ནས་བོད་མི་ནད་གཞི་ཡོད་པ་ཚོར་དུས་ཐོག་རྒྱ་གར་གཞུང་གི་ས་གནས་སྨན་ཁང་ཁག་ནས་ནད་དུག་རྩ་འགོག་གི་སྨན་བཅོས་བྱེད་ཐུབ་རྒྱུའི་ཆེད་སྨན་དོད་རོགས་སྐྱོར་ཞུ་ཡི་ཡོད།
གུས་པའི་ངོས་ནས་བོད་མི་ཚང་མས་རྒྱལ་སྤྱིའི་གཉན་ནད་རེག་དུག་ཉིན་མོའི་ཆེད་བརྗོད་རྒྱལ་ཡོངས་ཀྱི་གཉན་ནད་རེག་དུག་ནད་དུག་གསར་པ་རྩ་འགོག་དང་ནད་པ་ཚོར་ཁྱད་གསོད་སྤུ་ཙམ་མེད་པ། དེ་བཞིན་ནད་འདིས་རྐྱེན་གྱིས་འཆི་རྐྱེན་གཅིག་ཀྱང་མི་ཡོང་བ་བྱེད་རྒྱུ”ཞེས་པ་དེར་དམིགས་ཏེ་ལག་བསྟར་བྱེད་རྒྱུའི་འབོད་སྐུལ་ཞུ་གི་ཡིན། ང་ཚོ་ལྷན་དུ་འཛམ་གླིང་ནང་གཉན་ནད་རེག་དུག་མེད་པ་བཟོ་རྒྱུའི་ཆེད་ལེགས་འགྲུབ་བྱུང་བའི་བྱ་གཞག་དག་ལ་དགའ་བསུ་དང་། འདས་གྲོངས་སུ་གྱུར་པ་རྣམས་དྲན་གསོ་བྱས་ཏེ་གཉན་ནད་རེག་དུག་ན་ཚ་དང་བྲལ་བའི་རང་རེའི་སྤྱི་ཚོགས་ཤིག་དང་གཉན་ནད་རེག་དུག་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས།
མཐའ་མར་གུས་པས་འཕྲོད་བསྟེན་ལས་ཁུངས་ལ་རོགས་སྐྱོར་གནང་མཁན་གྱི་ཚོགས་པ། པི་ཨར་ཨེམ་ PRM དང་། ཨེན་སི་ཨེ་ NCA, སོར་ཨ་ཡེ་ཨེམ་ SOIR IM བཅས་གསུམ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པའི་དཔལ་འབྱོར་དང་བསམ་བློའི་རྒྱབ་སྐྱོར་ལ་བརྟེན་ནས་ང་ཚོར་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ཁག་ཏུ་གཉན་ནད་རེག་དུག་ན་ཚ་ཉུང་དུ་གཏོང་བའི་ལས་དོན་བསྒྲུབ་རྒྱུར་སེམས་ཤུགས་སྐྱེ་ཞིང། དེའི་ཕྱོགས་སུ་ཤར་བསྐྱོད་བྱེད་ཀྱི་ཡོད། ང་ཚོས་རྟག་ཏུ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་མུས། འབྱུང་འགྱུར་གྱི་ལོ་ཟླའི་ནང་མུ་མཐུད་འདི་ལྟར་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་གི་ཡོད། གཉན་ནད་རེག་དུག་གཙང་སེལ་བྱེད་རྒྱུ་འདི་སྤྱི་ཚོགས་བྱེ་བྲག་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་མངོན་འདོད་ཅིག་ཡིན།
ཐུགས་རྗེ་ཆེ།
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡ ཉིན།