༢༠༡༣ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་བྷར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྷེལ་ཇམ་རྒྱལ་ས་བྷར་སེལ་ Brussels དུ་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དང་ནེ་དར་ལེན་ཌིར་Netherlands རྟེན་གཞི་བྱས་པའི་ན་རོ་པ་ནང་པའི་ཆོས་ཚོགས་ Naropa Institute གཉིས་ཐུན་མོང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༡།༢༥ བར་ཧོལ་ལེན་ཌིའི་གྲོང་ཁྱེར་ཀ་ཛན་ Cadzand ཞེས་པར་བྷེལ་ཇམ་བོད་རིགས་གཞོན་སྐྱེས་ཚོར་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད། དེ་ཡང་ཉིན་བཞིའི་ཟབ་སྦྱོང་དེ་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་དབུ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་སྐབས་བོད་བརྒྱུད་ནང་བསྟན་དང་ནང་ཆོས་ཀྱི་ཆོ་ག་ཕྱག་ལེན་སྐོར། དེ་བཞིན་བོད་ཀྱི་བྱུང་རབས་ལོ་རྒྱུས། བོད་པའི་ཐུན་མིན་རིག་གཞུང་ངོ་སྤྲོད་དང་གཞས་སྣ་འཁྲབ་སྟོན། ཕྱོགས་མཚུངས་བོད་ཀྱི་ཆབ་སྲིད་ལོ་རྒྱུས་སོགས་ཀྱི་གནད་དོན་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་པ་བྱུང་ཡོད། སྐབས་དེར་དམིགས་བསལ་སྐུ་ཚབ་མཆོག་གིས་ཟབ་སྦྱོང་ཉིན་དང་པོར་ད་ལྟའི་བོད་ཀྱི་གནས་སྟངས་དང་མ་འོངས་པའི་མདུན་ལམ་ཇི་འདྲ་ཞིག་ལ་ཁ་ཕྱོགས་སྤོ་ཚུལ། Tibet Now and Prospects in Future སྐོར་དང་།
ཉིན་གཉིས་པར་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་ཞི་མོལ་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་ཆུང་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༥༡ གོང་གནས་སྟངས་དང་འབྲེལ་བའི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་དེ་འབྲེལ་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་སྐོར། ལྷག་པར་དུ་གྲོས་མཐུན་དོན་ཚན་ ༡༧ སྐོར་དང་། ཕྱི་ལོ་ ༡༩༥༩ ལོའི་རྗེས་ཀྱི་བོད་ཀྱི་ལོ་རྒྱུས་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད།
ཕྱོགས་མཚུངས་མོ་ཏོག་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་ཆོས་སྐོར་དང་ནང་ཆོས་ཀྱི་ལྟ་གྲུབ་རྣམ་གཞག་སྐོར་སོགས་ངོ་སྤྲོད་གནང་ཡོད། བྷེལ་ཇམ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྣམ་པ་དང་ལས་འགན། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་སོགས་ངོ་སྤྲོད་གནང་ཡོད། གཞན་ཡང་བྷེར་སེལ་དུ་གནས་སྡོད་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་གླུ་གཞས་སྐོར་ངོ་སྤྲོད་གནང་བ་མ་ཟད། ཨེམ་སི་ཊར་ཌམ་ Amsterdam དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྱུང་འགྱུར་ལས་དོན་སྤེལ་རྒྱུའི་ཐབས་ལམ་ཇི་འདྲ་བཟུང་དགོས་མིན་སྐོར་ངོ་སྤྲོད་གནང་ཡོད། ཕྱི་ཚེས་ ༢༣ ཉིན་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཞོན་སྐྱེས་འགོ་ཁྲིད་ལས་འགན་གྱི་གལ་གནད་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་ཟབ་སྦྱོང་སྐབས་འབྲོག་པའི་མདུན་ལམ་གཏོར་བཤིག་བཏང་བ་ From Nomads to Nobody དང་། བོད་ཀྱི་འཁྱག་རོམ་བཞུར་བ་ Meltdown in Tibetཞེས་སྐུ་ཞབས་མེ་ཁལ་བྷག་ལེ་ Michael Buckley ལགས་ཀྱིས་བཟོས་པའི་དངོས་བྱུང་གློག་བརྙན་གཉིས་དང་། ཕྱི་དྲིལ་ལས་ཁུངས་ཀྱིས་བཟོ་སྒྲིག་གནང་བའི་བོད་ནང་གི་རང་ལུས་མེར་སྲེག་སྐོར་གྱི་དངོས་བྱུང་གློག་བརྙན་སོགས་བསྟན་ཡོད་འདུག