༢༠༡༣ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་ལྔས་འཇར་མན་གྱི་གྲོང་ཁྱེར་བྷར་ལིན་ནང་ཕེབས་འབྱོར་བྱུང་མཚམས་འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སེ་བྷ་ཡིན་ Mrs. Sabine Bätzing-Lichtenthäler MP མཆོག་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ལྕམ་སྐུ་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། སྤྱི་འཐུས་རྣམ་པས་བྷེལ་ཇམ་དང་ཕ་རན་སི། ཧོ་ལན་ཌི་བཅས་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་གསུང་དོན།
རྒྱ་ནག་གཞུང་གིས་བོད་ནང་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་གསར་འགྱུར་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། བོད་ནང་སེམས་འཚབ་ཆེ་ཤོས་དེ་རྒྱ་རིགས་འབོར་ཆེན་བོད་ནང་དུ་སྤོ་ཤུད་བྱ་རྒྱུ་འདི་ཆགས་ཡོད། སྤྱིར་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞིར་ངོ་རྒོལ་བྱེད་ཀྱི་མེད་ནའང་། འཛུགས་བསྐྲུན་ལས་གཞི་དེ་དག་གིས་བོད་མི་ཚོ་ལས་རྒྱ་རིགས་ཚོར་ཁེ་ཕན་ཆེ་བར་ཐོབ་བཞིན་ཡོད་པར་བརྟེན། བོད་ནང་དུ་རྒྱ་རིགས་མི་འབོར་དེ་བས་མང་བ་སྤོ་ཤུད་བྱེད་རྒྱུར་རྒྱུད་སྐུལ་བྱེད་བཞིན་ཡོད། དེར་བརྟེན་དེང་སྐབས་བོད་མི་དང་རྒྱ་མི་གསུམ་དོ་མཉམ་པ་ཆགས་ཡོད། ཅེས་གསུངས་པ་དང་། ཡང་ཚོགས་གཙོ་མཆོག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་ལ་གསུང་དོན།
ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་བོད་མདོ་སྨད་མགོ་ལོག་པདྨ་རྫོང་ཨ་སྐྱོང་དགོན་པའི་དགེ་འདུན་པ་རང་ལོ་ ༢༠ སོན་པ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་སྲེག་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་མུ་མཐུད་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཞུ་བཞིན་ཡོད་སྐོར་དང་། གཞན་ཡང་ཚོགས་གཙོ་མཆོག་གིས་སྐབས་དེར་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ནི་འཚེ་མེད་ཞི་བའི་ཐོག་གྲོས་མོལ་གྱི་ཐབས་ལམ་ཁོ་ན་ཡིན་སྐོར་གསལ་བཤད་ཞུས་ཡོད།
སྐབས་དེར་ལྕམ་སྐུ་སེ་བྷིན་མཆོག་གིས་འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཇི་སྤེལ་རྣམས་ངོ་སྤྲོད་གནང་བ་དང་སྦྲགས། བོད་མིའི་སྐུ་ཚབ་རྣམས་ཡུལ་དེར་ཕེབས་ཏེ་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
བོད་མི་མང་སྤྱི་འཐུས་རྣམ་པ་ལྔ་འཇར་མན་ཁུལ་གྱི་ལས་དོན་རྣམས་གྲུབ་རྗེས་དབྱིན་ཡུལ་དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།