༢༠༡༣ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༡ ཚེས་ ༢༣ རེས་གཟའ་སྤེན་པ་ཉིན་ཐེ་ཝན་སློབ་ཆེན་མཐུན་ཚོགས་ཀྱི་ཚོགས་ཁང་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་ཝན་བོད་རིགས་ཚོགས་པ་ཐུན་མོང་ནས་གོ་སྒྲིག་འོག་སྐབས་གསུམ་པའི་བོད་ཀྱི་གནད་དོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐོང་ཚོགས་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་བོད་མིའི་རང་ལུས་མེར་སྲེག་སྐོར་ལས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་ནག་དང་། ཧོང་ཀོང་། ཨོ་མེན། ཐེ་ཝན། རྡ་རམ་ས་ལ་སོགས་ནས་ཕེབས་པའི་མཁས་དབང་དང་། དགེ་རྒན་ཆེན་མོ། སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༢ ནས་གཙོ་བོ་བོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད། བགྲོ་གླེང་ཚོགས་འདུ་ཚོགས་ཐེངས་ཁག་ལྔ་ལ་བགོས་ཡོད་པ་དང་།
ཐོག་མར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། བོད་རིགས་ཚོགས་པའི་ཚོགས་གཞོན་སྐལ་བཟང་ལྷུན་གྲུབ་ལགས་ཀྱིས་སྔོན་འགྲོའི་གསུང་བཤད་གནང་རྗེས་ཚོགས་ཐེངས་དང་པོ་ནི་ཞའོ་དབྱིང་སློབ་གསོ་འཕེལ་རྒྱས་ཐེབས་རྩའི་སྐུ་ཞབས་ཡཱང་གྲང་ཀྲན་ལགས་ཀྱིས་གཙོ་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། རྒྱ་ནག་མང་གཙོ་དོན་གཉེར་བ་སྤྱི་དམངས་ནུས་ཤུགས་ཚོགས་པ་གཙོ་སྐྱོང་གནང་མཁན་མཁས་དབང་ཡཱང་ཅན་ལི་ལགས། དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་བཅས་ནས་གཏམ་བཤད་དང་། ཚོགས་ཐེངས་གཉིས་པ་ཐེ་ཝན་ཀྲུང་ཧྭ་གཙུག་ལག་སློབ་གྲྭའི་དགེ་ཆེ་ཙེང་ཅན་ཡོན་ལགས་ཀྱིས་གཙོ་སྐྱོང་དང་། རྒྱ་ནག་ནས་ཕེབས་པའི་ཁྲིམས་རྩོད་པ་སྐུ་ཞབས་དེངས་པེའོ་ལགས་དང་། ཁྲིམས་རྩོད་པ་སྐུ་ཞབས་ཝང་ཇོན་ཀྲང་ལགས་ནས་གཏམ་བཤད་སྤེལ་ཞིང་། ཁོང་གཉིས་ཀྱིས་གཙོ་བོ་བོད་ནང་བོད་མིར་ཁྲིམས་གཏུགས་ཀྱི་ཁྲིམས་རྩོད་པའི་རོགས་རམ་གནང་བའི་བརྒྱུད་རིམ་ངོ་སྤྲོད་གནང་། ཁོང་གཉིས་དེ་སྔོན་བོད་མིའི་ཆེད་ཁྲིམས་རྩོད་པའི་རོགས་རམ་བྱས་པའི་དབང་གིས་ཁྲིམས་རྩོད་པའི་ལག་ཁྱེར་རྩིས་མེད་བཏང་ཡོད།
ཚོགས་ཐེངས་གསུམ་པ་ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཇན་ཏཱ་ལགས་ནས་གཙོ་སྐྱོང་དང་། ཐེ་ཝན་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སྐམ་སའི་སློབ་ཕྲུག་ཧྲའོ་ལེའི་དང་། ཧོང་ཀོང་གི་གསར་འགོད་པ་རྙིང་གྲས་ལྕམ་ཚའེ་ཡོང་མིན། ཧོང་ཀོང་བོད་དོན་རྒྱབ་སྐྱོར་བ་སྲས་མོ་ཏོའོ་ཏོའོ། རྒྱ་ནག་པེ་ཅིང་ནས་ཕེབས་པའི་མན་ཇུ་འགྲོ་བ་མིའི་སློབ་གསོ་ལྟེ་གནས་ཀྱི་སྐུ་ཞབས་ལིའི་ཏན་བཅས་ནས་གཏམ་བཤད་གནང་བ་དང། ཚོགས་ཐེངས་བཞི་པ་ཐེ་ཝན་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་འགན་འཛིན་དང་ཐེ་ཝན་རླུང་འཕྲིན་དང་བརྙན་འཕྲིན་གཙོ་སྐྱོང་མཁན་སྐུ་ཞབས་ཡཱང་ཤན་ཧུང་ལགས་ཀྱིས་གཙོ་སྐྱོང་དང་།རྒྱ་ནག་གི་རྩོམ་པ་པོ་སྐུ་ཞབས་ཝང་ལི་ཞུང་གིས་བོད་མིའི་རང་ལུས་མེར་སྲེག་ལ་དབྱེ་ཞིབ་དང་། རྒྱ་ནག་གི་སྒྱུ་རྩལ་བ་རི་མོ་མཁས་ཅན་སྐུ་ཞབས་ལིའུ་དབྱི་ལགས་ཀྱིས་བོད་མི་རང་ལུས་མེར་སྲེག་གནང་མཁན་གྱི་སྐུ་པར་སྒྱུ་རྩལ་ལམ་ནས་རི་མོ་བྲིས་ཡོད་པ་དེ་དག་རེ་རེ་བཞིན་ངོ་སྤྲོད་གནང་།
ཚོགས་ཐེངས་ལྔ་པ་ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སུན་ཀྲེ་བྷན་ལགས་ཀྱིས་གཙོ་སྐྱོང་དང་། ཐེ་ཝན་དགེ་ཆེ་སུའུ་ཅཱ་ཧོང་ལགས། ཐེ་ཝན་དགེ་ཆེ་ཝུ་ཤིང་ཅན་ལགས། ཨོ་མེན་དགེ་ཆེ་ཀྲུའུ་ཞན་ལོང་ལགས། ཐེ་ཝན་དགེ་ཆེ་ལིའི་ཡུའུ་ཐན་ལགས། སློབ་ཝན་སློབ་ཆེན་སློབ་ཕྲུག་སུའུ་གཡུས་ཨན་དང་ལིའུ་དབྱི་ཐིང་བཅས་ནས་གཏམ་བཤད་གནང་། གཏམ་བཤད་གནང་མཁན་མང་ཆེ་བས་བོད་མིའི་རང་ལུས་མེར་སྲེག་ལ་གདུང་སེམས་མཉམ་སྐྱེ་གནང་བ་དང་། བོད་ཀྱི་གནད་དོན་སེལ་ཐབས་གཉིས་ཕན་དབུ་མའི་ལམ་ལ་རྒྱབ་སྐྱོར། བོད་ནང་བོད་མིའི་གནས་སྟངས་རང་གི་དངོས་མཐོང་མྱོང་ཚོར་སོགས་ངོ་སྤྲོད་གནང་ཡོད། ཚོགས་ཞུགས་ཐེ་ཝན་མི་རིགས་དང་། ཐེ་ཝན་ནང་སློབ་སྦྱོང་བྱེད་མཁན་རྒྱ་ནག་སྐམ་སའི་སློབ་ཕྲུག་ཁག་གཅིག་རང་མོས་ཀྱིས་མཉམ་ཞུགས་གནང་བ་མ་ཟད། ཚོགས་ཐེངས་ཁག་སོ་སོར་གཏམ་བཤད་གནང་མཁན་རྣམས་ལ་དྲི་བ་ལྷུག་པོ་གནང་བར་ལན་འདེབས་གསལ་བཤད་བཅས་གནང་ཡོད་ལ། ཚོགས་ཞུགས་རྣམས་ཀྱིས་ཐེངས་འདིའི་གཏམ་བཤད་གནང་མཁན་ལ་ཚད་མཐོའི་འདེང་འཇོག་གནང་བ་དང་། ཐེངས་འདིའི་ཚོགས་འདུའི་གཏམ་བཤད་དང་། སྐབས་དང་པོ་གཉིས་པའི་ཚོགས་འདུའི་གཏམ་བཤད་ཁག་ཡིག་ཐོག་ཕྱོགས་སྒྲིག་གིས་གངས་ལྗོངས་དཔེ་སྐྲུན་ཁང་ནས་དེབ་པར་སྐྲུན་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད།