༢༠༡༣ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅།།འདི་གར་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ཟླ་ ༡༡ ཚེས་ ༢༧ ཉིན་བཏང་གནས་ནང་འཁོད་དོན། སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་འཁོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གི་མཚན་ཐོག་ཕུལ་སྙན་ནང་། ”ད་ལམ་ཕྲན་སྒེར་གྱི་གནད་དོན་མང་པོ་ཞིག་ལ་བརྟེན་སྤྱི་འཐུས་མཚན་གནས་ནས་རྩ་དགོངས་མི་ཞུ་ཀ་མེད་བྱུང་བར་དེ་ལུགས་དགོངས་བཞེས་སྐྱབས་འཇུག་ཡོང་བ་ཞུ་རྒྱུ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པས་བོད་བསྟན་སྲིད་མི་རིགས་བཅས་པའི་རྩ་དོན་ལ་སྔར་ལས་ལྷག་པའི་ཧུར་སྐྱེད་དང་། བོད་དོན་བདེན་མཐའ་མྱུར་གསལ་གྱིས་གཞིས་བྱེས་མཉམ་འཛོམས་མྱུར་ཤར་ཡོང་བའི་སྨོན་འདུན་བཅས་” ཞེས་གསལ་འདུག ཁོང་དགོངས་ཞུས་ཀྱི་ཚབ་གསར་ཐད་སྤྱི་ལྷན་སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་འོས་བསྡུའི་སྐབས་བརྒྱ་ཆ་ལོན་པ་ཡོད་མེད་སྐོར་དབུས་འོས་བསྡུ་ལས་ཁང་འགན་འཛིན་མཆོག་ལ་བཀའ་འདྲི་ཞུས་པར་བརྒྱ་ཆ་ལོན་པའི་སྒུག་ཐོ་མེད་གནས་གསུངས་བྱུང་བ་བཅས།