༢༠༡༣ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༩ རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཀྱི་བྷེ་ཀོན་ཚོགས་ཁང་དུ་ཤེས་རབ་སྙིང་པོའི་ཆོས་འབྲེལ་འཕྲོ་སྐྱོང་མཛད་རྗེས་ཕྱི་ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་བཀའ་དབང་དང་མང་ཚོགས་ལ་འཚེ་མེད་ཞི་བའི་ཕན་ཡོན་སྐོར་བཀའ་སློབ་སྩལ། བཀའ་སློབ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། སྐབས་དེར་ཐོག་མར་འབར་མའི་དགེ་འདུན་པ་ཚོས་ཁ་ཆེར་དྲག་པོའི་རྒོལ་གདུང་བཏང་བ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། གནས་ཚུལ་དེ་དག་ཐོས་མ་ཐག་ངོས་ཀྱིས་ལྡི་ལི་དོན་ཁང་ལ་འབྲེལ་བ་བྱས་ནས་ངོས་ཀྱི་སྐུ་ཚབ་ཁོང་འཕྲལ་དུ་ལྡི་ལིར་རྟེན་གཞི་བྱས་པའི་འབར་མའི་གཞུང་ཚབ་ཁང་ལ་འབྲེལ་བ་བྱེད་དགོས་པའི་བཀོད་མངགས་བཏང་ནའང་འབར་མའི་གཞུང་ཚབ་ཀྱིས་དེར་ཡ་ལན་གང་ཡང་བྱས་མེད། དེར་བརྟེན་ངོས་ཀྱིས་འབར་མའི་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyiམཆོག་ལ་ཡི་གེ་ཞིག་བྲིས་པ་མ་ཟད། འབར་མའི་དགེ་འདུན་པ་ཚོར་ཡང་ཁོང་ཁྲོ་ཟ་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམ་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད། བཅོམ་ལྡན་འདས་རང་ཉིད་གལ་ཏེ་སྐུ་འཚོ་བཞུགས་ཡོད་ན་ཁ་ཆེ་དེ་དག་ལ་སྲུང་སྐྱོབ་ངེས་པར་དུ་གནང་རྒྱུ་རེད། ཅེས་ཡི་གེའི་ནང་བྲིས་ཡོད།
དེ་སྔ་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཨ་རིའི་ནང་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཁ་ཤས་ཀྱིས་འཚེ་བའི་རྒོལ་བརྡུང་གཏོང་སྐབས་ཁ་ཆེ་ཚང་མར་ནག་ཉེས་འཛུགས་རྒྱུ་མེད། ཅེས་ངོས་ཀྱིས་སྐབས་དེར་བརྗོད་མྱོང་ཡོད། ཁ་ཆེའི་མི་ཐ་ཤལ་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་ཁ་ཆེ་བ་ཡོང་རྫོགས་ནག་པོ་བཟོས་ན་འོས་འཚམ་ཤིག་གཏན་ནས་མིན། དུས་སྐབས་དེ་ནས་བཟུང་ངོས་ཀྱིས་ཁ་ཆེའི་ཆོས་ལ་རྒྱབ་སྐྱོར་མུ་མཐུད་བྱེད་བཞིན་ཡོད། ཅེས་བཀའ་ལན་སྩལ། དེ་རྗེས་རྒྱ་རིགས་སྒྱུ་རྩལ་བ་སྐུ་ཞབས་ཨེ་ཝེ་ཝེ་ Ai Weiwei ལགས་ཀྱིས་རྒྱ་ནག་ནས་༸གོང་ས་མཆོག་འཁྲུངས་ཡུལ་ལ་སླར་ཡང་ཆིབས་སྒྱུར་བསྐྱངས་འདོད་ཡོད་མེད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། ངོས་ཀྱིས་ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་གཞུང་ལ་ཡི་གེ་ཞིག་བཏང་བ་བརྒྱུད་ངོས་རང་རྒྱ་ནག་རི་བོ་རྩེ་ལྔར་Wutai shan གནས་མཇལ་དུ་འགྲོ་འདོད་ཡོད་སྐོར་བྲིས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མོས་མཐུན་གནང་མ་སོང་། འདས་པའི་ལོ་ངོ་དྲུག་ཅུའི་རིང་རྒྱ་ནག་ནང་མའོ་ཙེ་ཏུང་ Mao Tsetungགིས་དམར་པོའི་རིང་ལུགས་ཀྱི་ལྟ་གྲུབ་གཙོ་བོར་འཛིན་པའི་དུས་སྐབས་ཤིག་དང་།
དེ་རྗེས་ཏིང་ཞའོ་པིང་ Deng Xiaoping གིས་དཔལ་འབྱོར་ལམ་ལུགས་གལ་ཆེར་འཛིན་པའི་དུས་སྐབས། ཅང་ཙེ་མིན་Jiang Zemin གྱིས་མཚོན་ཆེད་གསུམ་གྱི་དུས་སྐབས། དེ་བཞིན་ཧུ་ཅིན་ཐའོས་ Hu Jintao འཆམ་མཐུན་སྤྱི་ཚོགས་སྐྲུན་རྒྱུའི་དུས་སྐབས་བཅས་བྱུང་ཡང་། ཧུ་ཅིན་ཐའོས་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུ་ཟེར་བ་དེ་ཙམ་ལམ་ལྷོང་བྱུང་མེད། འཆམ་མཐུན་གལ་ཆེན་པོ་ཡིན་ནའང་འཆམ་མཐུན་དེ་ཕན་ཚུན་གཅིག་གིས་གཅིག་ལ་ཡི་ཆེས་དང་གུས་བརྩིའི་ཐོག་ནས་ཡོང་དགོས་པ་ལས་དྲག་པོས་འཆམ་མཐུན་སྐྲུན་མི་ཐུབ། ད་སྐབས་སྲིད་འཛིན་གསར་པ་སྐུ་ཞབས་ཞི་ཅིང་པིང་Xi Jinping དང་ལི་ཁེ་ཅང་ Li Keqiang གི་དུས་སྐབས་འགོ་བཙུགས་ཟིན། འགོ་ཁྲིད་ཁོང་རྣམ་པས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཏིང་ཞའོ་པིང་གིས་དངོས་ཐོག་བདེན་འཚོལ་དགོས་པའི་ལམ་སྟོན་གནང་བ་དེར་གལ་ཆེར་རྩིས་ནས་རྣམ་དཔྱོད་ལྡན་པའི་ཐོག་ནས་སྲིད་བྱུས་རྒྱུན་ཁྱོངས་བྱ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་བཀའ་ལན་སྩལ།
དེ་རྗེས་ཚོགས་བཅར་བ་ཞིག་གིས་བོད་མི་མང་པོ་ཞིག་གིས་༸གོང་ས་མཆོག་གི་སྐུ་མདུན་ནས་བྱིན་རླབས་ཐོབ་རྒྱུའི་དང་ལེན་བྱས་ཀྱང་བོད་མིའི་འཐབ་རྩོད་ཀྱི་ལངས་ཕྱོགས་གཅིག་འགྱུར་ཐོག་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་གྱི་དྲི་བ་ཞུ་སྐབས་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། བོད་ནང་གི་བོད་མི་ས་ཡ་དྲུག་ཡོད་པ་རྣམས་ནས་བོད་མི་བརྒྱ་ཆ་དགུ་བཅུས་དབུ་མའི་ལམ་གྱི་ཐབས་ལམ་དེ་དངོས་ཡོད་གནས་ཚུལ་དང་རན་པ་ཞིག་ཡིན་པ་དང་། དེའི་ཐོག་ནས་བོད་རྒྱའི་དཀའ་ངལ་སེལ་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཕྱི་རྒྱལ་དུ་བོད་མི་སྐྱབས་བཅོལ་བའི་ནང་ཆ་མཚོན་ནའང་བོད་མི་ཁྱོན་འབུམ་གཅིག་ལྷག་ཙམ་ཡོད་ཁོངས་ནས་བོད་མི་བརྒྱ་ཆ་ ༩༠ ཡིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། བོད་མི་ཉུང་ཤས་ཤིག་གིས་བསམ་ཚུལ་མི་མཐུན་པ་ཡོད། དེའི་ཁོང་ནས་བོད་མི་རེ་ཟུང་གིས་འཕྲལ་མར་རང་བཙན་འདོད་ཀྱི་ཡོད། ཕྱི་ལོ་ ༡༩༥༠ ཙམ་ནས་ཐོག་མར་དཀའ་ངལ་འཕྲད་སྐབས་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད། འོན་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད། དེར་བརྟེན་ང་ཚོས་ཕྱི་ལོ་ ༡༩༥༢ ལོར་རྒྱ་ནག་དང་འབྲེལ་བ་ཡོང་ཐབས་བྱས་ནས་ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་ཕྱིན་ནས་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་གཙོས་འགོ་ཁྲིད་མང་པོ་ཞིག་དང་ཐུག་འཕྲད་བྱས་ཡོད།
ཐོག་མར་ངོས་རང་རྒྱ་ནག་ཏུ་བསྐྱོད་སྐབས་སེམས་ནང་ད་གང་འདྲ་བྱུང་ཡོང་བསམ་པའི་ཕྲན་བུ་དོགས་པ་བྱུང་། འོན་ཀྱང་རྒྱ་ནག་ནས་ཕྱིར་བོད་དུ་ལོག་སྐབས་སེམས་ནང་རེ་བ་ཆེན་པོ་ཞིག་འཆང་ནས་ལོག་པ་ཡིན། དེ་ནས་ཕྱི་ལོ་ ༡༩༥༦ ལོར་དྲག་པོའི་ཟིང་ཕྲུག་ལངས་པ་རེད། སྐབས་དེར་ངོས་རང་རྒྱ་གར་དུ་ཕྱིན་ནས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་པཎ་ཌི་ཏ་ནེ་རུ་ Pandit Nehru མཆོག་གིས་གཙོས་རྒྱ་གར་གྱི་འགོ་ཁྲིད་རྣམས་དང་མཇལ་རྒྱུ་བྱུང་། ནེ་རུ་མཆོག་གིས་གཙོས་རྒྱ་གར་གྱི་འགོ་ཁྲིད་ཚང་མས་ཞལ་གཅིག་བསྒྲགས་ཐོག་ནས་ངོས་རང་སླར་བོད་དུ་ཕྱིར་ལོག་བྱས་ནས་རྒྱ་ནག་དང་ལྷན་སྒྲིག་ཐབས་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་གནང་བ་ལྟར། ངོས་ནས་ཀྱང་དེ་ལྟར་བྱས་ཀྱང་མཐར་ཕྱི་ལོ་ ༡༩༥༩ ལོར་འབ་སུ་མ་བསྡུས་པའི་གནས་ཚུལ་བྱུང་བ་རེད། དེར་བརྟེན་ང་ཚོས་ཕྱི་ལོ་ ༡༩༥༩ །༡༩༦༠ །༡༩༦༥ བཅས་ཐེངས་གསུམ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་བྱས་ཀྱང་ཕན་འབྲས་གང་ཡང་བྱུང་མེད།
སྐབས་དེར་སྐུ་ཞབས་ནེ་རུས་བོད་ཀྱི་དོན་དུ་ཨ་རིས་རྒྱ་ནག་དང་ལྷན་དམག་རྒྱག་གི་མ་རེད། ཅེས་གསལ་པོར་བཀའ་གནང་བྱུང་། དེ་ནས་ཕྱི་ལོ་ ༡༩༧༤ ལོར་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་དང་སྐད་ཆ་ཤོད་རྒྱུའི་དུས་ཚོད་གཅིག་འཆར་རྒྱུ་རེད། ཅེས་སྐབས་དེ་དུས་ནས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཏན་འཁེལ་བྱུང་བ་ཞིག་རེད། སྐབས་དེར་རྒྱ་ནག་ནང་དུ་རིག་གནས་གསར་བརྗེས་རྙོག་ཁྲ་ལང་ནས་ཡོད། དེ་ནས་ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་པིང་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་རྗེས་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཁོང་དང་ཐུག་པ་རེད། དེར་བརྟེན་གཞིས་བྱེས་བོད་མི་ཐུག་འཕྲད་བྱ་རྒྱུ་དང་། བོད་ནང་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་སྐུ་ཚབ་འཐུས་མི་གཏོང་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༨༠ ནང་ཧུ་ཡོ་པང་གིས་འགོ་ཁྲིད་འོག་བཟང་ཕྱོགས་ཀྱི་རེ་བ་དེ་བས་ཆེ་རུ་ཕྱིན་ཡོད།
འོན་ཀྱང་ཁོང་གནས་དབྱུང་དུ་བཏང་ཡོད། རྒྱ་ནག་ནང་དུའང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ Tiananmen དུ་མང་གཙོའི་ལས་འགུལ་སྤེལ་བ་སོགས་ཀྱི་དོན་རྐྱེན་དེ་དག་བྱུང་བ་ནས་ཕྱི་ལོ་ ༢༠༠༢ བར་རྒྱ་ནག་གི་སྲིད་འཛིན་སྐུ་ཞབས་ཅང་ཙེ་མིན་སྐབས་བར་བོད་རྒྱ་ཞི་མོལ་བསྐྱར་མཐུད་ཐུབ་མེད། ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ལས་རང་བཙན་རྩོད་ཀྱི་མེད། ང་ཚོས་བོད་ནང་འཛུགས་སྐྲུན་ཡར་རྒྱས་འདོད་ཀྱི་ཡོད། འོན་ཀྱང་བོད་ཀྱི་ཁོར་ཡུག་འཇིགས་སླ་བ་ཡིན། དེར་བརྟེན་ང་ཚོས་འཛུགས་སྐྲུན་ཡར་རྒྱས་དང་ལྷན་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། བོད་ཀྱི་རྒྱུག་ཆུ་དང་གཙང་པོ་དེ་དག་གིས་ཨེ་ཤི་ཡའི་མི་གྲངས་དུང་ཕྱུར་མང་པོའི་འཚོ་གནས་ལ་ཕན་བཞིན་ཡོད།
ཕྱོགས་མཚུངས་ང་ཚོས་བོད་མིའི་ཐུན་མིན་སྐད་དང་ཡི་གེ རིག་གཞུང་། གོམས་གཤིས་སོགས་སྲུང་སྐྱོབ་ཐུབ་པ་དགོས། བོད་ནང་གི་དགོན་སྡེ་གྲྭ་ཚང་ཁག་ཏུ་མདོ་དབུས་ཁམས་གསུམ་ནས་སློབ་གཉེར་ཆེད་གྲྭ་བཙུན་ཡོང་བཞིན་ཡོད་པར་བརྟེན། བོད་མིའི་ཆིག་སྒྲིལ་ལ་ཕན་ཐོག་ཧ་ཅང་ཡོད། ང་ཚོས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་གནས་སྟངས་དེ་བསྐྱར་གསོ་ཐུབ་ཐབས་བྱེད་བཞིན་ཡོད། བོད་མི་ཉུང་ཤས་ཀྱིས་རང་བཙན་གཙང་མ་འདོད་ཀྱི་ཡོད་ཀྱང་ཁོང་ཚོར་སྲིད་བྱུས་དངོས་ཡོད་གནས་ཚུལ་དང་རན་པ་ཞིག་སྟོན་རྒྱུ་མེད། ང་ཚོས་དངོས་ཡོད་གནས་སྟངས་དང་རན་པ་ཞིག་ཐོག་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཀའ་ལན་སྩལ།
མཐར་༸གོང་ས་མཆོག་གིས་བཀའ་སློབ་མཇུག་བསྡོམས་མཛད་དོན། ངོས་ཀྱིས་ཨེཊ་ལེན་ཊའི་གྲོང་ཁྱེར་ནང་ཉིན་གསུམ་དང་། མེཀ་སི་ཁོར་ཉིན་དྲུག དེ་ནས་ནིའུ་ཡོཀ་ས་ཁུལ་འདིར་ཉིན་གསུམ་རིང་བསྡད་པ་ཡིན། མཚམས་རེ་ངོས་རང་གཞན་ལ་བགད་མོ་གློང་ཆེད་ཡོང་བ་ལྟ་བུའི་ཚོར་སྣང་ཡོང་བཞིན་ཡོད་ཀྱང་འདིར་ཡོང་ནས་ཞབས་འདེགས་ཕྲན་བུ་ཞུ་ཐུབ་ཡོད་པའི་རེ་བ་ཞུ་བཞིན་ཡོད། ངོས་རང་སང་ཉིན་ཐོན་འགྲོ་རྒྱུ་ཡིན། ཁྱེད་ཚོའི་དཀའ་ངལ་དེ་དག་ཁྱེད་རང་ཚོའི་སར་ལུས་རྒྱུ་རེད། དཀའ་ངལ་དེ་དག་རང་གི་རྣམ་དཔྱོད་ཐོག་ནས་སེལ་ཐུབ་པ་དགོས། ཞེས་བཀའ་སློབ་སྩལ།