༢༠༡༣ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཇར་མ་ནིའི་སྲིད་བློན་ཨེན་གེ་ལ་མར་ཀེལ་German Chancellor Angela Merkel མཆོག་ལ་འོས་བསྡུའི་ལས་རིམ་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཇར་མ་ནིས་བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག དེ་ཡང་སྲིད་སྐྱོང་མཆོག་གི་འཚམས་འཕྲིན་ནང་འཁོད་དོན། ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་ལ་ལོ་གསུམ་བསྟུད་མར་སྲིད་བློན་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་སྦྲགས། ངས་སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་འབྱུང་འགྱུར་ལོ་བཞིའི་ནང་ལས་དོན་ཐ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༩ པའི་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གཞུང་འབྲེལ་གྱི་མཇལ་ཁ་ཞུས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་སེམས་འཚབ་ཆེན་པོའི་རྣམ་པ་བཏོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་བོད་དོན་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐབས་སུ་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་དེར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན།
དེ་བཞིན་ཇར་མན་གཞུང་མང་གཉིས་ཀྱིས་ཡུན་རིང་ནས་བོད་མིའི་མང་གཙོའི་ལམ་ལུགས་དང་འཚེ་བ་མེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་དབུ་ཁྲིད་འོག་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་ཡོད་པ་བཅས།།