༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༧ ཕྱེད་ཡོལ་ཆུ་ཚོད་ ༡༢།༠༠ ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཡུ་རོབ་ཏུ་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མང་ཚོགས་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་གོང་ཚེས་ཉིན་བཞུགས་སྒར་ཕོ་བྲང་ནས་ཕེབས་འགྲོའི་ཐོག་གྷ་གལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༩ ཉིན་ནས་བཟུང་མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་ཤར་ཕྱོགས་རྒྱལ་ཁབ་ལེ་ཊི་ཝེ་ཡཱའི (Latvia) གྲོང་ཁྱེར་རིག་ (Riga) ནང་མང་ཚོགས་ལ་༼བྱམས་བརྩེ་ལྡན་པའི་རིག་གཞུང་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལི་ཐུ་ནི་ཡཱ་ (Lithuania) རྒྱལ་ཁབ་ཏུ་ཆིབས་སྒྱུར་གྱིས་མང་ཚོགས་ལ་༼འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་ཀྱི་ལམ་བུ་༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་ནས་བཟུང་༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་རྒྱལ་སར་ཆིབས་སྒྱུར་གྱིས་མི་མང་ལ་༼དེང་དུས་སྤྱི་ཚོགས་ནང་བྱམས་སྙིང་རྗེ་དང་གུས་བརྩི་༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་ཚེས་ ༡༥ ཉིན་མང་ཚོགས་ལ་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག