༢༠༡༣ ཟླ་ ༨ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༡ ཉིན་རྡ་ས་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་རྒྱ་ལུ་དང་རྔོན་པའི་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་དང་གཏམ་བརྗོད་ཀྱི་འགྲན་བསྡུར་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་རྣམ་པ། ལྷན་ཁང་ཁག་གི་བཀའ་བློན་དང་དྲུང་ཆེ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་གྲུབ་བསྟུན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེ་སྲེག་བཏང་བའི་རྒྱལ་གཅེས་པ་རྣམས་དང་། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་རྒྱ་ཆེའི་མི་དམངས་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཚང་མ་སྐུ་བཞེངས་ཐོག་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས།
དེ་ནས་ཟློས་གར་སྤྱི་ཁྱབ་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་། དེ་རྗེས་རྒྱ་ལུ་དང་རྔོན་པ་གཉིས་ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གཟུ་དཔར་རྣམ་པར་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས། དེ་བཞིན་འགྲན་བསྡུར་གྱི་བྱ་དགའ་གནང་སྟེ་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། ད་རེས་ཟློས་གར་ཚོགས་པའི་འཁྲབ་སྟོན་རུ་ཁག་ཕྱོགས་གཉིས་ཡོད་པའི་འཁྲབ་སྟོན་པ་རྣམས་ཀྱིས་འཁྲབ་སྦྱོང་ཧ་ཅང་ཡག་པོ་གནང་འདུག
དེ་ཡང་གཞས་གསར་པ་དང་སྲོལ་རྒྱུན་གྱི་གཞས་རྙིང་པ། གཏམ་བརྗོད་ཀྱི་བརྗོད་གཞི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡིན་པ་ལྟར། དེང་སྐབས་གཞོན་སྐྱེས་མང་པོ་ཞིག་ལ་ཕ་མ་དང་སྤུན་མཆེད་ཚོས་བསླབ་བྱ་བརྒྱབ་པ་ལས་འཁྲབ་སྟོན་གྱི་ལམ་ནས་གོ་བརྡ་ཡག་པ་སྤྲོད་ཐུབ་ཀྱི་ཡོད། བོད་ཀྱི་སྐད་ཡིག་དང་ནང་ཆོས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་གནང་དགོས་རྒྱུ་དེ་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པའི་སྐབས་འདིར། བོད་ཀྱི་ཟློས་གར་ཚོགས་པས་གཞིས་ཆགས་ཁག་དང་ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐོར་བསྐྱོད་འཁྲབ་སྟོན་གནང་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་བ་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ཐེངས་འདིའི་རྒྱ་ལུ་དང་རྔོན་པའི་རུ་ཁག་གཉིས་འགྲན་བསྡུར་གནང་བའི་ནང་ནས་རྔོན་པའི་རུ་ཁག་ལ་རྒྱལ་ཁ་ཐོབ་འདུག་པ་བཅས། །