༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༧ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་མཇུག་སྒྲིལ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས། རྒྱ་གར་ནང་གི་གསོ་རིག་མཐོ་སློབ་ཁག་གི་དབུ་དགེ་རྣམ་པ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་ཟུར་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་པ་བློ་བཟང་བཟོད་པ་ལགས་སུ་སྨན་སྦྱོར་གྱི་དེབ་སྐྱེལ་གནང་། དེ་ནས་ཉིན་གཉིས་ཚོགས་འདུའི་དགོངས་ཚུལ་ཚིག་ཐོ་སྒྲོགས་སྦྱང་གྲུབ་མཚམས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་ཚོགས་འདུ་མཇུག་སྡོམ་གྱི་གསུང་བཤད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་དོན། འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ངས་དོན་གནད་འགའ་ཤས་ཞུ་རྒྱུའི་ཐོག་མར་ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༥ ཉིན་དབུ་འཛུགས་གནང་འདུག ཕྱི་ལོ་ ༢༠༠༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ལྔ་པ་ཚོགས་དུས་ལྔ་པ་ཚུགས་པའི་སྐབས་སུ་གྲོས་ཆོད་བཞག་སྟེ་གཏན་ལ་ཕབ་པ་ཞིག་ཆགས་འདུག དེར་བརྟེན་སྨན་པའི་ལྷན་ཚོགས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་པའི་ཚོགས་པ་གལ་ཆེན་པོ་ཞིག་དང་། ད་བར་འགོ་བཙུགས་པ་ནས་ལོ་དགུ་ལྷག་ཙམ་རིང་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་ཚོགས་མི་རྣམ་པ་ཚང་མས་དཀའ་ངལ་བསྐྱོན་ཏེ་ད་ལྟའི་གནས་སྟངས་ཡག་པོ་དེ་བྱུང་བ་རེད། ཚང་མས་མཁྱེན་གསལ་ལྟར་ཡར་རྒྱས་ལ་མཐའ་མེད་སྟབས་ད་དུང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་མང་པོ་ཡོད།
དེ་བཞིན་སྨན་པའི་ལྷན་ཚོགས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པ་ཞིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་རེད། འཕྲོད་བསྟེན་ལས་ཁུངས་ནས་ཐད་ཀར་སྨན་པའི་ལྷན་ཚོགས་ལ་སྟངས་འཛིན་བྱེད་དགོས་པའི་འགན་དབང་མི་འདུག སྨན་པའི་ལྷན་ཚོགས་ཀྱི་མིང་དེར་སྨན་ཞེས་འཁོད་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བ་ཆགས་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་རེས་འདིར་ཚོགས་འདུ་ཉིན་གཉིས་རིང་ཚོགས་ཏེ་གོ་བསྡུར་སྦྱང་བཤད་ཀྱི་དགོངས་འཆར་ལྷུག་པོ་བྱུང་ཡོད། ད་ལྟའི་ཆར་སྨན་པའི་ལྷན་ཚོགས་ལ་ངའི་ལྟ་ཚུལ་ནང་དཀའ་ངལ་གཉིས་ཆགས་འདུག ༡༽ ཕུགས་རྒྱང་རིང་པོར་རྒྱ་གར་གཞུང་ནས་ཨ་ཡུཤ་ (Ayush Medical Council) གཞུང་འབྲེལ་ཐོག་ངོས་འཛིན་ཐོབ་རྒྱུ་དང་། དེའི་ཐོག་སྨན་པའི་ལྷན་ཚོགས་ནས་ཤུགས་རྒྱག་དགོས་པ་མ་ཟད། འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་ཀྱི་རེད། ༢༽ སྨན་པའི་ལྷན་ཚོགས་ཀྱི་དཔལ་འབྱོར་ཐོག་གཙོ་བོ་སྨན་རྩིས་ཁང་དང་ཝ་ཎ་མཐོ་སློབ་ཀྱི་མཐུན་འགྱུར་གནང་བ་ཡིན་ན་བཀའ་ཤག་ནས་ཀྱང་སྟོང་མིན་ཙམ་གྱིས་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་བྱུང་ཡོད།
གཙོ་བོ་སྨན་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཟུང་གསོ་བའི་རིག་པའི་སྟངས་འཛིན་ཡག་པོ་གནང་རྒྱུ་དེ་གནད་འགག་ཆེ་ཤོས་ཤིག་རེད། དེར་བརྟེན་ང་ཚོ་འབྲེལ་ཡོད་ཚང་མའི་ངོས་ནས་སྨན་རྩིས་ཁང་དང་ལྕགས་རི། ཝ་ཎ་མཐོ་སློབ་ཚང་མའི་ངོས་ནས་མཐུན་འགྱུར་གནང་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན་ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཚོགས་འདུ་མཇུག་སྡོམ་དང་འབྲེལ་བའི་གསུང་བཤད་གནང་དོན། སྨན་པའི་ལྷན་ཚོགས་ངོས་ནས་གསོ་རིག་བོད་སྨན་གྱི་བདག་དབང་སྲུང་སྐྱོབ་དགོས། དེ་བཞིན་གྲོས་ཆོད་ནང་ཉམས་ཞིབ་འཛུགས་རྒྱུ་འཁོད་པ་དེར་ཉམས་ཞིབ་གནས་སྟངས་གསུམ་གྱི་ཐོག་ནས་འབྱུང་རབས་ལ་བརྟེན་པའི་ཉམས་ཞིབ། གཞུང་ལུགས་ལ་བརྟེན་པའི་ཉམས་ཞིབ། དངོས་དོན་ལ་བརྟེན་པའི་ཉམས་ཞིབ་དགོས་རྒྱུ་ཐུགས་འགན་ཆེན་པོ་ཆགས་ཡོད་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་སྨན་པའི་ལྷན་ཚོགས་ཀྱྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གྱིས་ཚོགས་འདུ་གྲོལ།
ཐེངས་འདིའི་ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་དགོངས་འཆར་དོན་ཚན་ཁག་གཅིག་བྱུང་ཡོད། ༡༽ དབུས་བོད་མིའི་སྒྲིག་འཛུགས་སམ་བཀའ་སྤྱི། གསོ་རིག་སློབ་གཉེར་ཁང་དང་དེབ་སྐྱེལ་ཟིན་པའི་སྨན་པ། དེ་བཞིན་སྤྱི་སྒེར་ཚང་མས་སྨན་པའི་ལྷན་ཚོགས་འདི་ལ་ཕྱར་གྲུ་མཉམ་འདེགས་གནང་གལ་ཆེ།
༢༽ བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་རྒྱུན་གྲོན་གྱི་གསོལ་རས་ཙམ་མ་ཡིན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་རྒྱུན་གྲོན་ནས་ནར་གཏོང་དགོས་པ།
༣༽ སྨན་པའི་ལྷན་ཚོགས་དང་གསོ་རིག་སློབ་གཉེར་ཁང་ངམ་རིག་གཞུང་སྡེ་ཚན་དང་འབྲེལ་བ་བགྲོ་གླེང་ཡང་སེ་དགོས་པ།
༤༽ ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང་ཕྱི་རྒྱལ་ནས་འཐུས་མི་དགོས་པ།
༥༽ ཆེས་མཐོའི་སྨན་པའི་ལྷན་ཚོགས་འོག་ཉམས་ཞིབ་སྡེ་ཚན་ཞིག་གསར་འཛུགས་ཞུ་དགོས་པ།
༦༽ ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མིའི་གྲུབ་ཆ་ངེས་པར་དུ་ཚང་དགོས་གལ་ཆེ།
༧༽ གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དང་རྒྱ་གར་གཞུང་དབར་འབྲེལ་ཡོད་ལས་ཁུངས་དང་མུ་མཐུད་འབྲེལ་བ་དམ་ཟབ་བྱེད་དགོས་པ་བཅས་ཡིན་འདུག