༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ཉིན་ལྷོ་ཨ་ཕི་རི་ཀའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ལྷོ་ཨ་ཕི་རི་ཀའི་ནང་རྟེན་གཞི་བྱས་པའི་ཉི་ཧོང་དང་ཇར་མ་ནི། རྒྱ་གར། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཐེ་ཝན་སོགས་ཀྱི་གཞུང་ཚབ་མི་སྣ་རྒན་བྲས་བཅས་ཁྱོན་མི་གྲངས་ ༧༠ ལྷག་མཉམ་བཞུགས་གནང་ཡོད། སྐབས་དེར་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་གནང་བ་དང་སྟབས་བསྟུན། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སན་མན་ཌེ་ལ་ Nelson Mandela མཆོག་ཛ་དྲག་གནས་སྟངས་འོག་ནས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡང་འདོན་ཡོད།
དེ་ཡང་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཚབ་དོན་གཅོད་མི་འགྱུར་རྡོར་རྗེ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཁུར་གཙོ་བོ་གསུམ་སྟེ། བྱམས་བརྩེ་དང་འབྲེལ་བའི་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་གསོར་ཆུད་མཛད་རྒྱུ་སོགས་ཀྱི་སྐོར་ངོ་སྤྲོད་ཞུས་པ་མ་ཟད། སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སན་མན་ཌེ་ལ་མཆོག་སྐུ་གཟུགས་གནས་སྟངས་ཛ་དྲག་འོག་ཡོད་པར་བརྟེན། དེང་སྐབས་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་བཞིན་དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་ནང་གནས་བཞིན་ཡོད། དུས་སྐབས་འདིར་ལྷོ་ཨ་ཕི་རི་ཀ་ཙམ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མི་ཚོ་དང། གཞན་ཡང་ཞི་བདེར་དགའ་བའི་འཛམ་གླིང་མི་མང་རྣམས་ཀྱིས་ཁོང་ཉིད་མགྱོགས་མྱུར་སྐུ་གཟུགས་དྲག་སྐྱེད་ཡོང་བའི་སྨོན་ལམ་མཛད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།