༢༠༡༣ ཟླ་ ༦ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་འཕགས་ཡུལ་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་སེར་སྐྱ་མི་མང་རྣམས་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ན་དཔལ་ལེནྡྲ་ཤེས་ཡོན་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་གཟིམ་ཆུང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་སྒྲུབ་ཞག་ཆུ་ཚོད་གཅིག་རིང་སྔོན་དུ་མཛད་རྗེས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན།
ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས་སྔོན་འགྲོའི་ཆོས་འབྲེལ་བཀའ་སློབ་ཕེབས་དོན། སྔོན་དུ་ཁ་སེང་ནས་ཉིན་གསུམ་རིང་དང་ང་ཚོས་ཡང་ཡང་བེད་སྤྱོད་བྱེད་རྒྱུའི་ཚིག་གཅིག་སྟེ་བྱང་ཆུབ་ཀྱི་སེམས། བྱང་ཆུབ་སེམས་ཐུགས་རྒྱུད་མངའ་བ་དེར་བྱང་ཆུབ་སེམས་དཔའ་དང། ཤེས་རབ་ཀྱི་བྱང་ཆུབ་ལ་དམིགས། སྙིང་རྗེས་སེམས་ཅན་ལ་དམིགས། དེ་ལྟ་བུའི་བློ་ཡིས་ལྟ་སྟངས་ཡོད་པ་དེར་བྱང་ཆུབ་སེམས་དཔའ་ཞུ་རྒྱུ་དང་། གང་ལྟར་བྱང་ཆུབ་དོན་དུ་གཉེར་མཁན་ཞིག་ཡིན་དུས་བྱང་ཆུབ་སྒྲུབ་དགོས་ཀྱི་ཡོད། བྱ་བ་ཕལ་པ་ཞིག་ཡིན་ཀྱང་སྐད་ཅིག་ཏུ་སྒྲུབ་ཟེར་བ་མེད། རིམ་པས་ཡུན་སྲིང་ནས་འགྲོ་དགོས་རྒྱུ་དང་བྱང་ཆུབ་སྒྲུབ་རྒྱུ་དེའང་རིམ་པས་རྒྱུན་སྲིང་ནས་འགྲོ་དགོས་རྒྱུ་ཞིག་རེད། ཅེས་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་བཀའ་སློབ་ཕེབས་རྗེས་དཀྱིལ་འཁོར་གྱི་ལྷ་ཚོགས་འདྲ་མིན་ཞིག་ལས་འཕགས་པ་ཐུགས་རྗེ་ཆེན་པོ་དགེ་སློང་མ་པདྨ་ལས་ཉེ་བར་བརྒྱུད་པའི་ཐུགས་རྗེ་ཆེན་པོ་པདྨ་ལུགས་ཀྱི་དབང་ཆེན་གྱི་སྔོན་དུ་དགེ་བསྙེན་གྱི་སྡོམ་པའི་སྲུང་སྡོམ་ཁག་ངོ་སྤྲོད་མཛད་རྗེས་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་དང་།
དེ་རྗེས་སེམས་སྐྱེད་ཀྱི་ཟིན་པའི་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་འབོགས་ཆོག་སྩལ་རྗེས་སྟ་གོན་སྔོན་འགྲོའི་རྗེས་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་ལུགས་ཀྱི་དབང་ཆེན་དངོས་གཞི་སྩལ། དེ་ནས་གཏང་རག་མཎྜལ་ཕུལ་གྲུབ་མཚམས་བཀའ་སློབ་ཕེབས་དོན། འདི་ལོ་ཁྱེད་རང་ཚོ་འཕགས་པའི་ཡུལ་གྱི་ཆོས་གྲོགས་ཚོ་ལ་ཆོས་འབྲེལ་བྱེད་རྒྱུ་ཟིན་པ་རེད། ཁ་སེང་ཁ་ཉིན་སྐད་ཆ་བྱུང་བ་དེ་དག་སེམས་ལ་བཞག་ནས་ཉམས་ལེན་ཡག་པོ་བྱེད་དགོས་པ་རེད་ཤེས་སོང་ངམ། དེ་བཞིན་ང་ཚོ་ལོ་རྗེས་མ་ཐུག་གི་རེད། དེ་དུས་དཔེ་ཆ་འཕྲོས་ལེའུ་གསུམ་བཞི་ཙམ་བཏོན་ན་དེའི་ལོ་རྗེས་མར་ཡང་ལེའུ་ལྷག་མ་རྣམས་བཏོན་བཞག་ན་ཕལ་ཆེར་ངོས་རང་ལོ་བརྒྱད་ཅུར་སླེབས་ཀྱི་ཡོད། དུས་ཚོད་ཞེ་དྲག་རང་མི་འདུག རྒྱ་གར་སྦོམ་སྦེའི་ཁུལ་གྱི་ནང་པ་ཚོར་དེ་ཁུལ་དུ་ཆོས་འབྲེལ་ཞིག་བྱེད་རྒྱུ་དང་། དེ་བཞིན་ལྷ་བབ་མཆོད་རྟེན་གྱི་གནས་དེར་ང་ཚོས་ཆོས་འབྲེལ་བྱེད་རྒྱུར་རོབ་ཙམ་གཏན་འཁེལ་ཡོད། ཡང་ང་ཚོ་ས་ཆ་འདྲ་མིན་དུ་ཐུག་གི་རེད། ཅེས་་སོགས་ཀྱི་བཀའ་སློབ་ཕེབས་ཡོད། ད་ཐེངས་རྒྱ་གར་བའི་ནང་པ་གཙོ་བོར་གྱུར་པའི་ཆོས་ཞུ་བ་གྲངས་ ༨༠༠༠ བརྒལ་བ་རྣམས་ལ་ཕྱི་ཚེས་ ༡ ནས་ ༣ བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ཆེན་མོའི་ལེའུ་དང་པོ་ནས་གསུམ་པ་བར་དང་ཕྱི་ཚེས་ ༤ ཉིན་འཕགས་པ་ཐུགས་རྗེ་ཆེན་མོའི་བཀའ་དབང་སྩལ་རྗེས་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད།