༢༠༡༣ ཟླ་ ༦ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཨ་རིའི་སན་ཕ་རན་སི་སིར་རྟེན་གཞི་བྱས་པའི་ཁ་ལི་ཕོར་ནི་ཡ་ (University California) གཙུག་ལག་སློབ་གཉེར་ཁང་གི་སྨན་གྱི་སློབ་སྟོན་པ་ཌོཀ་ཊར་ཀེ་ནི་མཆོག་གིས་བརྒྱུད་ལམ་ཁག་གཅིག་ནང་གསུང་དོན། ང་རང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་དང་ལྷན་དུ་དེ་སྔ་ཚན་རིག་བགྲོ་གླེང་དང་ལེགས་སྦྱར་ཁག་གི་ཐོག་མཇལ་མོལ་ཞུས་མྱོང་ཡོད། ད་ཐེངས་འཕྲོད་བསྟེན་དང་འབྲེལ་བའི་མིའི་སྤྱི་ཚོགས་ཀྱི་ལུས་སེམས་བཅོས་ཐབས་ཀྱི་བསམ་བློ་གཏོང་ཕྱོགས་ཐོག་༸གོང་ས་ཏཱ་ལའི་བླ་མའི་དགོངས་བཞེད་ནི་ཧ་ཅང་ཟབ་ཅིང་རྒྱ་ཆེན་ཞིག་ཡིན་སྟབས། ཚོགས་བཅར་བ་རྣམས་ལ་ཁོང་གི་སྐུ་དྲུང་ནས་བླང་དོར་བཀའ་སློབ་ཞུ་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་པ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། རིང་མིན་འཚོགས་རྒྱུའི་ཚོགས་འདུར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ༌མ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་བྱུང་། ཞེས་སོགས་གསུངས་འདུག
སྤྱིར་བཏང་ཕྱི་ལོ་ ༢༠༡༣ ལོར་འཕྲོད་བསྟེན་དང་འབྲེལ་བའི་ཚོགས་འདུ་དེ་བཞིན་དེ་སྔ་དང་མི་འདྲ་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་(Gurgaon)སྒུར་གོན་ནང་སྐོང་ཚོགས་གནང་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་མང་དག་ཅིག་ནས་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱིས་གཙོས་འཕྲོད་བསྟེན་དང་འབྲེལ་བའི་དེང་དུས་ཁེ་ལས་ཚན་པའི་འབྲེལ་ཡོད་མི་སྣ་སོགས་ཁྱོན་མི་གྲངས་ ༡༥༠༠ བརྒལ་བ་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། ཁོང་རྣམ་པས་སོ་སོའི་བསམ་ཚུལ་ལྷུག་གླེང་གནང་རྒྱུ་ཡིན་འདུག ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཕྱི་ཚེས་ ༥ ནས་ ༧ བར་འཚོགས་གཏན་འཁེལ་ཡོད་འདུག་པ་བཅས། །