༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༦ ཉིན་གྱི་ཉིན་དགུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་བཞུགས་སྒར་ནས་སྟོན་འཁོར་ལྷན་རྒྱས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། ལྡི་ལི་ནས་ཐོག་མར་ནིའུ་ཛི་ལེན་ཌིར་ཆིབས་སྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཁུལ་དེའི་གྲོང་ཁྱེར་ཁ་རི་སི་ཅར་ཅིའི་ Christchurch ནང་ཡོད་པའི་CBS Canterbury Arena ཞེས་པའི་ཚོགས་ཁང་ནང་། བདེན་པ་བཞིའི་སྐོར་བཀའ་ཆོས་སྩལ་རྒྱུ་དང། ཕྱེད་ཡོལ་ཁུལ་དེར་མང་ཚོགས་རྣམས་ལ་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༡ ཉིན་ནིའུ་ཛི་ལེན་ཌིའི་དྷུ་ནི་ཌིན་ Dunedin གྲོང་ཁྱེར་ནང་མང་ཚོགས་ལ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ནིའུ་ཛི་ལེན་ཌིའི་ཨོཀ་ལེན་ཌི་ Auckland གྲོང་ཁྱེར་ནང་བདེ་སྐྱིད་ཀྱི་ལམ་བུ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
དེ་རྗེས་ཕྱི་ཟླ་ ༦ ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གཉིས་དང་ཕྱེད་རིང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་སྤྲོ་སྐྱིད་ཁང་དུ་༸གོང་ས་མཆོག་གིས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་ཆོས་འབྲེལ་སྩལ་རྒྱུ་མ་ཟད།
ཕྱི་ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་དུ་༸གོང་ས་མཆོག་གིས་རྒྱུན་གཏན་མི་ཚེའི་ནང་ཚུལ་ཁྲིམས་ཐོག་དྲན་ཤེས་ཇི་ལྟར་བསྟེན་དགོས་པའི་བརྗོད་གཞིའི་ཐོག་ བཀའ་སློབ་སྩལ་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༡༨ ཉིན་རྒྱབ་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་འདུ་འཛོམས་ལྟེ་གནས་སུ་སྙིང་རྗེ་དང་གཞི་རྩའི་བདེ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ།
ཕྱི་ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཨ་དྷི་ལ་དྷི་འདུ་འཛོམས་ལྟེ་གནས་སུ༸གོང་ས་མཆོག་ནས་བདེ་སྐྱིད་འཚོལ་བ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ།
ཕྱི་ཚེས་ ༢༣ ཉིན་རྒྱབ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་དྷར་ཝིན་ཀོན་ཝེན་ཤན་ཚོགས་ཁང་ The Adelaide Convention Center སུ་འཕགས་པའི་བདེན་པ་བཞིའི་ཡི་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ།
ཕྱི་ཚེས་༢༣ ཉིན་རྒྱབ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་དྷར་ཝིན་ཀོན་ཝེན་ཤན་ཚོགས་ཁང་ནང་དད་ལྡན་ རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཉམ་སྤྱོད་འཛམ་གླིང་ནང་ཚུལ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ་ཡིན་འདུག་པ་བཅས།།