༢༠༡༣ ཟླ་ ༥ ཚེས་ ༧ རེས་གཟའ་མིག་དམར།
༄༅། །དབུས་སྨན་རྩིས་ཁང་གི་སྨན་པ་འཇམ་དབྱངས་སྒྲོལ་མ་ལགས་དང་རྩིས་པ་བསོད་ནམས་དཔལ་མོ་ལགས། དྲུང་ཡིག་ཚེ་བརྟན་རྡོ་རྗེ་ལགས་བཅས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ནས་ཟླ་ ༥ ཚེས་ ༣ བར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨར་ཇེན་ཊི་ན་དང་ཅི་ལི། ཀོ་ལམ་བྷི་ཡ་བཅས་ནང་བོད་པའི་སྨན་དང་རྩིས་ཀྱི་སྐོར་གཏམ་བཤད་གནང་བ་མ་ཟད། ནད་པ་འདྲ་མིན་ལ་གསོ་བ་རིག་པའི་སྨན་བཅོས་ཀྱི་མཐུན་འགྱུར་དང་དེ་བཞིན་ཚེ་རབ་ལས་རྩིས་སོགས་བོད་མིའི་ཐུན་མིན་རིག་གནས་གོ་རྟོགས་ལེགས་པར་སྤེལ་ཡོད། ཐེངས་འདིའི་སྐོར་བསྐྱོད་དེ་བཞིན་ལྷོ་ཨ་མི་རི་ཀའི་འབྲེལ་མཐུད་པ་ (CTA Liaison Officer to Latin America) ཚེ་དབང་ཕུན་ཚོགས་ལགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
དེ་ཡང་སྐོར་བསྐྱོད་དུ་དབུས་སྨན་རྩིས་ཁང་གི་སྨན་རྩིས་པ་རྣམས་ཀྱིས་ཨར་ཇེན་ཊི་ནའི་རྒྱལ་ས་བྷོ་ནི་སི་ཨ་ཡི་རི་སིར་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ནས་ཚེས་ ༡༨ བཅས་བདུན་ཕྲག་གཅིག་བཞུགས་རིང་འཕྲོད་བསྟེན་ལྷན་ཁང་ (Foundation of Health Science) དང་དམག་སྒར་གྱི་སྨན་ཁང། (Military General Hospital) དེ་བཞིན་བཀའ་བརྒྱུད་ཐེག་ཆེན་ཆོས་གླིང་བཅས་ནང་སྨན་རྩིས་ཐོག་གཏམ་བཤད་དང་བརྟག་དཔྱད་གནང་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༩ ནས་ཚེས་ ༢༤ བར་ཁོང་རྣམས་ཅི་ལིར་བསྐྱོད་དེ་ཁུལ་དེའི་གྲོང་ཁྱེར་ཊེ་མུ་ཀོར་རྟེན་གཞི་བྱས་པའི་ཡི་ཤུའི་གཙུག་ལག་སློབ་ཁང་ (University of Santos Tomas and Catholic University of Temuco) དུ་བོད་པའི་སྨན་དང་རྩིས་སྐོར་གཏམ་བཤད་སྤེལ་བ་མ་ཟད། སྨན་བཅོས་སོགས་གནང་ཡོད། དེ་རྗེས་ཅི་ལིའི་རྒྱལ་ས་སན་ཊི་ཡ་གོར་ (Santiago) ཕེབས་ཏེ་ཁུལ་དེར་རྟེན་གཞི་བྱས་པའི་ཞི་བདེའི་གཙུག་ལག་སློབ་ཁང་ Pacific University དང་། ལྷོ་ཨ་མི་རི་ཀའི་སྲོལ་རྒྱུན་སྨན་བཅོས་སློབ་གྲྭ་ (Latin American school of Oriental Medicine) དེ་བཞིན་པགས་རིགས་སྨན་ཁང་ (Centro de Estudios Levinia Manfredini) ཞེས་པར་གཏམ་བཤད་གནང་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ནས་ཚེས་ ༣༠ བར་ཀོ་ལམ་བྷི་ཡར་ཕེབས་ཏེ་གཏམ་བཤད་དང་སྨན་བཅོས་སོགས་ལེགས་གྲུབ་བྱུང་ཡོད་འདུག
དེ་ཡང་འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་སྨན་པ་འཇམ་དབྱངས་སྒྲོལ་མ་ལགས་ལ་ཐེངས་འདིའི་སྐོར་བསྐྱོད་དང་འབྲེལ་དྲི་བ་ཞུ་སྐབས་གསལ་བཤད་གནང་དོན། ང་ཚོས་ད་ཐེངས་ལྷོ་ཨ་མི་རི་ཀེའི་ནང་སྐོར་བསྐྱོད་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གསོ་བ་རིག་པ་དང་རྩིས་ཀྱི་རིག་གཞུང་མཁྱེན་རྟོགས་དང་ཞབས་ཞུའི་ཆེད་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གནང་ཡོད་པ་བཅས།།