༢༠༡༣ ཟླ་ ༥ ཚེས་ ༢༧ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ དང་ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་སོགས་དུས་ཆེན་ཁྱད་པར་གསུམ་འཛོམས་དང་སྟབས་བསྟུན་རྡ་ས་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་བཞུགས་སྒར་ལྷ་རྒྱལ་རིར་༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་ཐབས་དང་། བོད་གངས་ཅན་གྱི་རང་དབང་བདེན་མཐའ་གསལ་སླད་གནའ་སྲོལ་གྱི་དར་ཆེན་སྐུ་བཞེངས་དང་ལྷ་གསོལ་གཟབ་རྒྱས་ཞིག་གནང་འདུག
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། རྡ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གཙོས་རྒྱུན་ལས་རྣམ་པ་དང་། སེར་སྐྱ་མི་མང་བཅས་བརྒྱ་ཕྲག་མང་པོ་ལྷན་འཛོམས་ཐོག་ཚོགས་གཙོས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གཏམ་བཤད་སྒྲོགས་སྦྱང་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་དར་ཆེན་སྐུ་བཞེངས་དང་བསང་གསོལ་ཟབ་རྒྱས་གནང་སྟེ་གྲོལ།
དར་ཆེན་སྐུ་བཞེངས་གནང་སྲོལ་དེ་ནི་ཕྱི་ལོ་ ༡༦༨༡ ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་བོད་སྟོད་མངའ་རིས་སྒར་དཔོན་དབུ་བཞུགས་ཐོག་ཞིང་འབྲོག་མི་མང་རྣམས་གསེར་གཤོངས་ཐང་དུ་འདུ་མཛོམས་ཀྱིས་དུས་ཆེན་སྲུང་བརྩི་ཞུ་མུས་ཀྱང་། རྒྱ་དམར་བོད་དུ་འབྱོར་རྗེས་དང་རིག་གནས་གསར་བརྗེའི་སྐབས་ཉམས་ཆག་བཏང་ཡང་། ཕྱི་ལོ་ ༡༩༨༦ ལོ་ནས་སླར་ཡང་གངས་ཏེ་སིའི་མདུན་ཐང་དང་རྒྱ་བལ་ཡུལ་གྲུ་ཁག་ཏུ་ཡང་དར་ཆེན་སྐུ་བཞེངས་ཀྱི་ཉམས་གསོ་བྱུང་བ་བཞིན་བཞུགས་སྒར་ལྷ་རྒྱལ་རིར་སྲུང་མ་དམར་ནག་གཉིས་ཀྱི་སྟེང་མཁར་མདུན་གནའ་སྲོལ་རྒྱུན་སྐྱོང་གནང་བ་ཞིག་ཡིན་འདུག་པ་བཅས།