༢༠༡༣ ཟླ་ ༤ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་ཚེ་རིང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༩ ཉིན་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཌལ་ཧོར་གཏན་སློབ་ཀྱི་རྐང་རྩེད་སྤོལ་ལོའི་ཐང་ཆེན་དུ་ས་གནས་མི་མང་དང་དགེ་སློབ། སློབ་ཟུར། དགེ་ལས་ཟུར་པ་བཅས་ཁྱོན་མི་གྲངས་ ༨༠༠ བརྒལ་བར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་སྲིད་སྐྱོང་མཆོག་གི་སློབ་གྲྭའི་ཐང་ཆེན་དུ་ཕེབས་སྐབས་ས་གནས་འགོ་འཛིན་དང་སློབ་སྤྱི། རེཀ་ཌར་བཅས་ཀྱི་དཀར་གཙང་མཇལ་དར་དང་། སློབ་ཕྲུག་ཁག་གཅིག་གིས་རོལ་ཆ་དཀྲོལ་གཏོང་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་ས་གནས་ཀྱི་རྫོང་དཔོན་སོགས་ཞབས་སྟེབས་སུ་འཁོད་གྲུབ་མཚམས་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་ས་གནས་འཐུས་ཚོགས་པདྨ་གྲུབ་དབང་ལགས་ཀྱིས་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་ཡོད།
དེ་ནས་ས་གནས་འགོ་འཛིན་རྟ་མགྲིན་ཆོས་འཕེལ་ལགས་ཀྱིས་ས་གནས་མི་མང་གི་ཚབ་ཞུས་ཏེ་སྲིད་སྐྱོང་མཆོག་ལ་ཐུགས་རྗེ་ཞུའི་ཕྱག་རྟགས་ཕུལ་ཡོད་པ་དང་། དེ་རྗེས་སྲིད་སྐྱོང་མཆོག་གིས་ས་གནས་མི་མང་གི་ཚབ་ཞུས་ཏེ་ས་གནས་རྫོང་དཔོན་ (S.K Dhiman) ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ (DPS) སློབ་གྲྭའི་ངེས་སྟོན་པ་སྐུ་ཞབས་ (Mr.Dhillon) མཆོག་བཅས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གནང་ཡོད། དེ་རྗེས་གཏན་སློབ་ཀྱི་སློབ་སྤྱིས་ཤེས་རིག་དྲུང་ཆེར་ཕྱག་རྟགས་གནང་ཡོད། དེ་ནས་ཌལ་ཧོར་གཏན་སློབ་ཀྱི་དགེ་ལས་ཟུར་པ་རྣམས་དང་ད་ལྟ་གཏན་སློབ་ནང་ཕྱག་ལས་གནང་བཞིན་པའི་དགེ་ལས་རྣམས་ལ་སྲིད་སྐྱོང་མཆོག་གིས་ཕྱག་རྟགས་གནང་ཡོད། དེ་ནས་ཌལ་ཧོར་གཏན་སློབ་ནས་སློབ་ཟུར་རྣམས་ལ་གནང་རྒྱུའི་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དྲན་རྟེན་ཕྱག་རྟགས་དེ་བཞིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ (DPS) སློབ་གྲྭའི་ངེས་སྟོན་པས་རིམ་བཞིན་གནང་གྲུབ་མཚམས་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཌལ་ཧོར་གཏན་སློབ་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དེ་བཞིན་སྲིད་སྐྱོང་མཆོག་གིས་ཕུལ་ཡོད།
དེ་ནས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེར་འདུས་མི་མང་དང་དགེ་ལས་རྣམས་ལ་གསུང་བཤད་གནང་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་དེར་འདུས་དགེ་ལས་སློབ་ཕྲུག་དང་མི་མང་རྣམས་ལ་གསུང་བཤད་གནང་དོན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། ཕྱག་རོགས་བཀའ་བློན་དང་བཀུར་འོས་སྤྱི་འཐུས་རྣམ་པ། ཤེས་རིག་གི་དྲུང་ཆེས་གཙོས་ཌལ་ཧོར་སློབ་གྲྭའི་སློབ་སྤྱི་ཝེ་ཀིན་སིང་དང་། (DPS) སློབ་གྲྭའི་ (Mr.Dhillon) དེ་བཞིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ལས་བྱེད་རྣམ་པ། མི་མང་རྣམ་པ། དམིགས་བསལ་ཌལ་ཧོར་གྱི་སློབ་ཟུར་རྣམ་པ་བཅས་ཚང་མར་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོང་དུ་གསུངས་པ་ལྟར། ད་ཐེངས་༧གོང་ས་མཆོག་འདི་གར་༧ཞབས་སོར་འཁོད་དེ་ང་ཚོར་བཀའ་ཆོས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བཟང་པོ་ཐོབ་ཡོད། ང་ཚོས་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཁག་སེམས་ལ་ངེས་པར་དུ་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ནན་ཏན་ཐོག་ནས་བརྗོད་རྒྱུ་ཡིན། ༧གོང་ས་མཆོག་གིས་དགུང་གྲངས་བཅུ་དྲུག་ནས་ཆོས་སྲིད་ཀྱི་མཛད་འགན་བཞེས་ཏེ་མི་ལོ་དྲུག་ཅུའི་རིང་བོད་བསྟན་པ་ཆབ་སྲིད་ཆེད་སྐུ་ངལ་བསྐྱོན་ཡོད། ད་ལྟའི་ཆར་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་རྒྱབ་སྐྱོར་གནང་གི་ཡོད་པ་དེ་ནི་༧གོང་ས་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད། ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་ང་རང་འཛམ་གླིང་ས་ཕྱོགས་ཁག་ནང་བཅར་སྐབས། ཁོང་རྣམ་པ་ཚོས་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་བོད་པ་རང་ཉིད་ཡ་རབས་དང་ཉམ་ཆུང་ཡོད་པར་བརྟེན་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་། ང་ཚོའི་མི་ཐོག་རྒན་པ་ཚོས་སྐུ་ངལ་བསྐྱོན་པར་བརྟེན་ནས་ཌལ་ཧོར་སློབ་གྲྭས་གཙོས་གཞིས་ཆགས་དང་དགོན་སྡེ་ཁག་མང་པོ་ཞིག་བྱུང་ཡོད། མི་ཐོག་རྒན་པ་བོད་ནས་ཕེབས་སྐབས་དེང་དུས་ཀྱི་ཤེས་ཡོན་ཤེས་ཀྱི་མེད་ཀྱང་ལྷག་བསམ་རྣམ་དག་ཐོག་ནས་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་གཞིར་བཟུང་སྐུ་ལས་བསྐྱོན་པར་བརྟེན་ནས་བྱུང་སྟབས། ང་ཚོ་མི་རབས་གསར་པ་ཚོས་འགན་འཁྱེར་སྐབས་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་པ་རྣམས་དུས་ནམ་ཡང་བརྗེད་རྒྱུ་མེད། དེ་བཞིན་བོད་མིའི་ཡ་རབས་བཟང་སྤྱོད་རྣམས་སེམས་ལ་ཉར་བ་ཁོ་ན་མིན་པར་ལག་ལེན་བསྟར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་བོད་མིའི་རྩ་དོན་ཆེད་སྐུ་ངལ་དེ་འདྲ་བསྐྱོན་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་བོད་མི་རེ་ཟུང་ཞིག་གིས་མཚན་སྨད་ལྟ་བུ་ཞུ་གི་ཡོད། འོན་ཀྱང་ཕྱི་རྒྱལ་དང་བོད་རིགས་ནང་༧གོང་ས་མཆོག་ལ་སྔར་ལྷག་དད་གུས་ཞུ་མཁན་མང་དུ་འགྲོ་གི་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་འཛམ་གླིང་འདིའི་ནང་སྔར་ལྷག་རྒྱས་དང་རྒྱས་མུས་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། ཉེ་ཆར་ས་གནས་ཁག་གཅིག་ལ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་གི་གསལ་བསྒྲགས་སྲུང་བརྩི་ཞུས་པ་བྱུང་ཡོད། དེ་ནས་བསླབ་ཆ་གཙོ་བོ་ལེན་དགོས་པ་དེ་གང་རེད་དམ་ཞེ་ན། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལུང་བསྟན་གནང་བ་དེ་སྐབས་དེའི་བོད་མི་རྣམས་ནས་ལག་ལེན་མ་བསྟར་བ་དང་འཐུས་ཤོར་ཕྱིན་པར་བརྟེན། ལོ་རྒྱུས་ནང་བློ་ཕམ་བྱུང་དགོས་པའི་གནས་ཚུལ་བྱུང་ཡོད། ད་ལྟའི་ཆར་ང་ཚོས་ཁ་ཚ་དགོས་གཏུག་བྱེད་དགོས་པ་གང་རེད་དམ་ཞེ་ན། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་པ་རྣམས་ལག་བསྟར་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་མ་ཞུས་ན། སྔར་ལྟར་ང་ཚོ་འགྱོད་པ་བསྐྱེད་རྒྱུ་ལས་མ་འདས། བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་༧གོང་ས་མཆོག་གི་ཐུགས་དགོངས་གཞིར་བཟུང་བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་ཚོར་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན། ང་ཚོ་བཀའ་ཤག་སྐབས་བཅུ་བཞི་པར་སླེབས་སྐབས། བོད་མི་སྤྱི་ཡོངས་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩལ་སྐབས་ཧ་ཅང་སེམས་འཚབ་ཆེན་པོ་བྱུང་ཡོད། དེར་བརྟེན་བཀའ་ཤག་གིས་ཐོག་མར་འཆར་གཞི་སྒྲིག་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་སྤྱི་ཡོངས་ཀྱི་ནུས་ཤུགས་ཕྱོགས་སྒྲིལ་བྱེད་དགོས་ཀྱི་འདུག གཉིས་པ་བོད་ནང་ཛ་དྲག་གནས་ཚུལ་ཆགས་ཡོང་གི་ཡོད། ད་ལྟའི་ཆར་རང་ལུས་མེར་སྲེག་གཏོང་མཁན་མི་གྲངས་ ༡༡༧ ཆགས་ཡོད། དེར་བརྟེན་བཀའ་ཤག་ངོས་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག་ལ་མི་མང་ནས་ཀྱང་ལས་འགུལ་སྤེལ་རྒྱུར་ང་ཚོས་རེ་འདུན་ཞུ་ཡི་ཡོད
དེ་ནས་འཆར་གཞི་གསུམ་པ། དབུ་མའི་ལམ་གྱི་ཐོག་ནས་འབད་བརྩོན་བྱེད་དགོས་ཀྱི་འདུག གང་ལ་ཞེ་ན་འབྲེལ་མོལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། བཀའ་ཤག་སྐབས་བཅུ་བཞི་པ་ཚོགས་ཟིན་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་བཞུགས་སྒར་དུ་ཚོགས་སྟེ་གྲོས་ཆོད་རིམ་པ་བཞག་སྟེ་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་ཐུབ་པ་བྱུང་ཡོད། དེ་རྗེས་བོད་མིའི་དམིགས་བསལ་ཚོགས་ཆེན་བཞུགས་སྒར་དུ་ཚོགས་སྐབས་འཛམ་གླིང་སྤྱི་ཡོངས་ནས་བོད་མི་ཕེབས་ཏེ་སྔར་བཞིན་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཡོད་ཅེས་པའི་རྣམ་པ་ཤུགས་ཆེན་སྟོན་ཐུབ་པ་དེས་པེ་ཅིང་དང་ལྷ་ས། རྒྱལ་སྤྱིའི་སྡིངས་ཆ་བཅས་སུ་བརྡ་ལན་སྤྲོད་ཐུབ་ཡོད། དེ་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་ཡོད། དེ་བཞིན་ཨ་རིར་ཡོད་པའི་སྤྱི་མཐུན་ཚོགས་པ་དང་ཉེ་ཆར་ཡུ་རོབ་ཏུ་ཡོད་པའི་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཚོགས་ཡོད། ང་ཚོས་ཆིག་སྒྲིལ་དང་གསར་གཏོད་རང་ཁ་རང་གསོ་གསུམ་གྱི་ལྟ་གྲུབ་ཐོག་ནས་ནུས་ཤུགས་ཕྱོགས་སྒྲིལ་བྱེད་ཀྱི་ཡོད། ལས་འགུལ་གང་འདྲ་ཞིག་སྤེལ་ཡང་བཀའ་ཤག་ནས་སྤྱི་ཡོངས་ལ། ཞི་བ་དང་། ཁྲིམས་མཐུན། ཆེ་མཐོང་ལྡན་པའི་ཐོག་ནས་སྤེལ་དགོས་པའི་ལམ་སྟོན་བྱས་ཡོད། ནུས་པ་ཕྱོགས་སྒྲིལ་དང་ལས་འགུལ་སྤེལ་རྒྱུ། དེ་བཞིན་འབྲེལ་མོལ་བྱ་རྒྱུ་རྣམས་མཉམ་དུ་འགྲོ་གི་ཡོད། འོན་ཀྱང་གཅིག་མཇུག་གཉིས་མཐུད་སྤེལ་སྐབས་ང་ཚོར་ནུས་པ་གང་ཡོད་པ་དེ་ཕྱོགས་གཅིག་ཏུ་སྤུངས་ཐུབ་ན། འབྲས་བུ་ཡིན་རུང་ཆེན་པོ་ཞིག་འཐོན་རྒྱུའི་རེ་བ་ཆེ་བ་ཡོད། འབྲེལ་མོལ་ཐོག་ང་ཚོའི་ལངས་ཕྱོགས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་འཛིན་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན། སྐུ་ཚབ་བཀོད་སྟངས་ཐོག་གང་འདྲ་བཀོད་དང་མི་བཀོད། ག་དུས་བཀོད་དང་མི་བཀོད་པའི་ཐོག་ང་ཚོར་གུ་ཡངས་ཡོད། འོན་ཀྱང་ང་ཚོས་གལ་ཆེ་ཤོས་དོན་དང་ལྡན་པའི་བཀའ་མོལ་གནང་སྟེ་བོད་ཀྱི་དཀའ་ངལ་སེལ་རྒྱུའི་འབད་བརྩོན་བྱེད་དགོས་ཀྱི་ཡོད། ད་ལྟའི་ཆར་འབྲེལ་མོལ་ཐོག་བཀའ་ཤག་སྐབས་བཅུ་བཞི་པས་ཤུགས་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། དེའི་གཞི་བཞག་ས་དེ་བོད་མིའི་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཆགས་ཡོད། ཕྱི་ལོ་ ༢༠༡༣ ལོ་འདི་བཞིན་གདུང་སེམས་མཉམ་སྐྱེའི་ལོ་ཡིན་ཞེས་ཞུས་སྐབས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གྲོས་ཚོགས་མང་པོ་ཞིག་གིས་བོད་དོན་ཐོག་ལ་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད། ཨ་རི་སོགས་པའི་ནང་གྲོས་ཚོགས་ཀྱི་འཐུས་མི་མང་དག་ཅིག་ནས་འབྲེལ་མོལ་ཐོག་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་བསྟན་ཡོད་པ་མ་ཟད། གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་དེ་མཚུངས་ཀྱིས་རྣམ་པ་བསྟན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་སྤྱི་ཡོངས་ནས་རྒྱབ་སྐྱོར་ཡོད་པ་དང་དེ་བཞིན་རྒྱ་ནག་ནང་གི་མཁས་པ་མང་པོ་ཞིག་དང་། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་པའི་སྲིད་བྱུས་ཤིག་ཆགས་ཡོད།
མཐའ་དོན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༡༡༧ བྱུང་ཡོད་པ་ཁོང་རྣམ་པའི་མངོན་འདོད་༧གོང་ས་མཆོག་བོད་ལ་གདན་འདྲེ ན་ཞུ་ཐུབ་རྒྱུ་དང་། བོད་མིར་རང་དབང་དགོས་པ་དེ་རེད། རང་ལུས་མེར་སྲེག་གཏོང་མཁན་ ༡༡༧ བྱུང་ཡོད་ཁོངས་ནས་ ༡༠༠ འདས་གྲོངས་སུ་གྱུར་ཡོད། ཁོང་རྣམ་པས་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མིར་བརྡ་ལན་ནི་ང་ཚོ་བོད་དང་བོད་མིའི་ཆེད་འཇིག་རྟེན་འདི་ནས་འགྲོ་གི་ཡོད། དེར་བརྟེན་རང་དབང་ལུང་པར་ཡོད་པའི་བོད་མིར་མིགས་བསལ་གྱི་འགན་ཡོད་པ་དེ་དུས་ནམ་ཡང་མ་བརྗེད་པ་གནང་རོགས་ཞུ་རྒྱུ་ཡིན། ཕྱོགས་མཚུངས་གཞིས་བཞུགས་བོད་མིའི་མངོན་འདོད་རྣམས་བསྒྲུབ་ཐབས་སུ་བཀའ་ཤག་ངོས་ནས་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་དབྱིན་སྐད་ཐོག་ནས་ཀྱང་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྲིད་སྐྱོང་མཆོག་གིས་ས་གནས་འགན་འཛིན་དང་ལྷན་བོད་མིའི་གཞིས་ཆགས་ཕུན་ཚོགས་གླིང་གིས་ཁ་འཐོར་བོད་མིའི་སྡོད་སྒར་ཁག་དང་ (Snow View) ལ་རྟེན་གཞི་བྱས་པའི་དགེ་འདུན་པའི་སྡེ་གཅིག་བཅས་ལ་འཚམས་གཟིགས་ཕེབས་སྐབས་མི་དམངས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་ཁོང་རྣམ་པའི་བདེ་སྡུག་ལ་གསན་ཞིབ་ཀྱང་གནང་ཡོད། ཕྱོགས་མཚུངས་བཟོ་གྲྭ། སྨན་རྩིས་ཁང་སོགས་ལ་ཡང་གཟིགས་སྐོར་གནང་ཡོད་པ་བཅས། །