༢༠༡༣ ཟླ་ ༤ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་པེ་ཡར་ནི་ (Payerne Airport) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་སུད་སིར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ (India’s Ambassador) ལྕམ་སྐུ་ཅི་ཏ་ར་ན་ར་ཡན་ (Ms Chitra Narayanan) མཆོག་དང་བཀའ་ཆོས་གོ་སྒྲིག་ཚོགས་ཆུང་སྐུ་ཚབ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཐེངས་གཉིས་པ་ཚོགས་ཡུལ་གྱི་ (Second Tibetan Buddhist Conference in Europe) ཕ་ར་ཡེ་བྷར་གྷི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཚོགས་ཆེན་ཐོག་སྐུ་ཚབ་འཐུས་མི་ ༨༠ ཙམ་མཉམ་ཞུགས་གནང་བ་རྣམས་ལ་བཀའ་སློབ་སྩལ་དོན། ངོས་རང་ནང་ཆོས་ལ་དད་མོས་ཡོད་མཁན་ཁྱེད་རྣམ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་བདེ་བ་འདོད་ཀྱི་ཡོད་ཀྱང། ལ་ལས་དངུལ་དང་དཔལ་འབྱོར་རྣམས་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་ངོས་འཛིན་བྱས་པ་ནི་ནོར་འཁྲུལ་རེད།
དེར་བརྟེན་དེང་སྐབས་སེམས་དང་སྲོག ཅེས་པའི་ཚོགས་པ་དེ་དག་གིས་ཕྱི་དངོས་པོ་ལས་ནང་བསམ་བློའི་རིན་ཐང་ཐོག་དོ་སྣང་བྱས་ཏེ། སེམས་ཞི་བདེ་བག་ཕེབས་ཐོག་ནས་བདེ་སྐྱིད་བསྐྲུན་རྒྱུའི་ཐབས་ལམ་ཡོད་པ་ལམ་སྟོན་གནང་བཞིན་ཡོད། ངོས་ཀྱིས་ཉེ་ཆར་དེབ་གཅིག་བཀླགས་པའི་ནང་འཛམ་གླིང་མི་མང་ཐེར་འབུམ་བདུན་ནས་ཐེར་འབུམ་གཅིག་གིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། ངོས་རང་མི་མང་ལྷག་མ་ཐེར་འབུམ་དྲུག་ཡོད་ཁོངས་ནས་གཅིག་ཡིན། ང་ཚོས་ཡ་རབས་བཟང་སྤྱོད་བྱ་རྒྱུ་ནི། ཆོས་ཉམས་ལེན་བྱེད་ཆེད་དང་། ཆོས་ཉམས་སུ་ལེན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུའི་དོན་ཙམ་མིན་པར། མི་ཚེའི་ནང་ཉིན་རེའི་བདེ་སྡུག་གི་འཚོ་བ་དང་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན། ང་ཚོས་མང་ཚོགས་ཁྲོད་བཟང་སྤྱོད་གལ་ཆེན་ཡིན་སྐོར་གོ་རྟོགས་སྤེལ་རྒྱུར་ཤུགས་རྒྱག་དགོས། ང་ཚོར་གཞན་ཕན་གྱི་བསམ་པ་ཡོད་ན་བྱ་བ་གང་ཡིན་རྒྱབ་མདུན་ངོ་ལྐོག་མེད་པར་ཕྱི་གསལ་ནང་གསལ་བྱེད་ཐུབ་པ་དང། དེ་ལྟར་བྱུང་ན་མི་གཞན་གྱིས་ཡིད་ཆེས་ཡོང་རྒྱུ་མ་ཟད། རང་ཉིད་ལ་གྲོགས་པོ་མང་དུ་འགྲོ་རྒྱུ་སོགས་ཀྱི་ཕན་ཡོན་ཡོད། ངོས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་ནང་ཆོས་སྐོར་ཤོད་ཀྱི་ཡོད་ཀྱང་དུས་ནམ་ཡང་ཁོང་ཚོར་ནང་ཆོས་བྱེད་དགོས་ཞེས་ཤོད་ཀྱི་མེད། ལྷག་པར་ངོས་ཀྱིས་ཁོང་ཚོར་སོ་སོའི་ཕ་མེས་ཀྱི་ཆོས་བྱེད་དགོས་པ་བརྗོད་ཀྱི་ཡོད། མི་རྣམས་དྲང་བདེན་དང་སྙིང་རྗེ་ལྡན་པ་ཞིག་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་གིས་ཇར་མན་དང་སུད་སི། ཕ་རན་སི་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་མང་དག་ཅིག་གི་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་སྩལ། སྐབས་དེར་གསར་འགོད་པ་ཁག་གཅིག་གིས་བོད་ནང་དུ་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བའི་སྐོར་དགོངས་ཚུལ་བཀའ་འདྲི་ཞུས་པར། བཀའ་ལན་སྩལ་དོན། སྤྱིར་འདི་ཆབ་སྲིད་ཀྱི་དྲི་བ་ཞིག་ཆགས་ཡོད་ཀྱང་ངོས་རང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒས་ཡོལ་ཞུས་ཟིན། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ། རང་ལུས་མེར་སྲེག་གཏོང་མཁན་ཚོས་མི་གཞན་ལ་འཚེ་བ་བྱེད་མ་ཐུབ་པ་དེ་འདྲ་མིན། ཁོང་ཚོས་དེའི་ཚབ་ཏུ་རང་ཉིད་བློས་གཏོང་བྱས་ཡོད། རང་ལུས་མེར་སྲེག་ཐོག་མར་བྱུང་སྐབས་ངོས་རང་ཧ་ཅང་བློ་ཕམ་བྱུང་། དེས་ནུས་པ་ཇི་ཙམ་འཐོན་མིན་ཐད་ངོས་ལ་ཐེ་ཚོམ་ཡོད་པ་སྐབས་དེར་གསལ་བཤད་ཞུ་རྒྱུ་བྱུང། ངོས་ཀྱིས་ལས་འགུལ་དེ་སྤེལ་དགོས་པའི་བརྒྱུད་སྐུལ་ནམ་ཡང་བྱེད་མྱོང་མེད། ཅེས་བཀའ་ལན་སྩལ། དེ་ནས་གསར་འགོད་པས་མགོན་པོ་གང་ཉིད་མཆོག་ཞི་ཅིན་ཕིང་དང་ཐུག་རྒྱུ་བྱུང་ན་གང་བརྗོད་རྒྱུ་ཡོད་ཅེས་པའི་དྲི་བར་བཀའ་ལན་སྩལ་དོན། ཁྱེད་རང་མི་མང་དུང་ཕྱུར་ ༡༣ གྱི་འགོ་ཁྲིད་ཡིན། ཏིང་ཞའོ་ཕིང་གི་གསུངས་པ་ལྟར་ང་ཚོས་དངོས་ཐོག་བདེན་འཚོལ་བྱེད་དགོས། དངོས་ཡོད་གནས་སྟངས་ལ་གཞིགས་པའི་སྲིད་བྱུས་ལག་བསྟར་བྱེད་དགོས། འདི་ནི་ཧུ་ཡོ་པང་གིས་ཀྱང་བྱས་ཡོད། ཅེས་བརྗོད་རྒྱུ་ཡིན། ཞེས་བཀའ་ལན་སྩལ་ཡོད་པ་བཅས།།