༢༠༡༣ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་ལས་ཁུངས་ནས་ (The Dalai Lama Trust, New York) བཏང་གནས་ནང་འཁོད་དོན། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་ཕྱི་ལོ་ ༢༠༡༣།༢༠༡༤ ལོའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཐེངས་གསུམ་པ་དེ་བཞིན་གནང་རྒྱུ་ལགས་ན། ཤེས་ཡོན་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ཅན་གྱི་བོད་རིགས་མི་གྲངས་བཅུ་ལ་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཨ་སྒོར་ ༼༡༠༠༠༠།༠༠༽ (US$10,000.00) གནང་རྒྱུ་དང། སློབ་ཡོན་འཐོབ་བཞིན་པའི་ཁྲོད་མུ་མཐུད་སློབ་ཡོན་བཞེས་བློ་ཡོད་རིགས་རྣམས་ཀྱིས་སློབ་ཡོན་བསྐྱར་ཞུའི་ཆེད་སློབ་ཡོན་བསྐྱར་ཞུའི་འགེངས་ཤོག་དང་དགོས་ངེས་ཡིག་ཆ་རྣམས་ལེགས་པར་འགེངས་དགོས།
སློབ་ཡོན་ལས་གཞི་འདིའི་དགོས་དམིགས་གཙོ་བོ་ནི། བོད་རིགས་སློབ་མ་རྣམས་ནས་རང་མོས་ཀྱིས་བདམས་པའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་བྱེ་བྲག་པ་སོ་སོའི་ཐོག ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་བཏང་བ་བརྒྱུད་མིའི་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན།
སློབ་ཡོན་འདིའི་ཆེད་སྙན་ཞུ་འབུལ་མཁན་རྣམས་ཡུ་རོབ་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་ཨ་རི་བཅས་ཀྱི་མཐོ་སློབ་གང་རུང་ཞིག་ཏུ་གཙུག་ལག་རབ་འབྱམས་པའི་སློབ་ཚན་ནང་ངེས་པར་དུ་འཛུལ་ཞུགས་བྱས་ཟིན་པའམ་བྱེད་དགོས་པ་མ་ཟད། བོད་རིགས་གཙང་མ་ཡིན་པའི་དཔང་རྟགས་ར་སྤྲོད་ཐུབ་པ་ཞིག་གནང་དགོས།
སློབ་ཡོན་ཆེད་འགེངས་ཤོག་ཆ་ཚང་རྒྱབ་གཉེར་ཡིག་ཆ་ཁག་དང་མཉམ་སྦྱར་གྱིས་སྦྲག་ཐོག་གམ་དྲ་རྒྱ་བརྒྱུད་པི་ཌི་ཨེབ་ (PDF) ནང་འདི་ག་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་ལས་ཁུངས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་དང་ཡང་ན་དེ་སྔོན་ནས་འབྱོར་ཟིན་པ་དགོས། སྙན་ཞུ་འབྱོར་བ་རྣམས་ལ་འདི་ལས་ནས་དྲ་རྒྱ་བརྒྱུད་འབྱོར་ལན་འབུལ་རྒྱུ་དང། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཐེངས་གསུམ་པ་འདིའི་གོ་སྐབས་ཐོབ་མཁན་རྣམས་ལ་ཁ་པར་བརྒྱུད་ངག་རྒྱུགས་ལེན་རྒྱུ་དང། སློབ་ཡོན་ཐོབ་མཁན་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ནང་ཚུད་ལ་གནང་རྒྱུ་ཡིན་འདུག་པ་བཅས།།