༢༠༡༣ ཟླ་ ༣ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཁ་ན་ཌར་བོད་མི་ཆིག་སྟོང་གནས་སྤོ་བྱ་རྒྱུའི་ལས་གཞིའི་འོག རྒྱན་ཤོག་འཕངས་ནས་རྒྱན་ཐོབ་པའི་བོད་མི་གྲངས་ ༨༩༠ ཡོད་ཁོངས་ནས་མི་གྲངས་ ༢༠༤ ཆེད་མགྲོན་ཤོག་གི་འགེངས་ཤོག་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་འབྱོར་ཡོད། མགྲོན་ཤོག་གི་འགེངས་ཤོག་རྣམས་བཀང་སྟེ་ལྡི་ལིར་རྟེན་གཞི་བྱས་པའི་ཁེ་ན་ཌའི་ཆེས་མཐོའི་གཞུང་ཚབ་ལས་ཁུངས་སུ་ Canadian High Commission, New Delhi ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ འགྱངས་མེད་འབུལ་དགོས།
མགྲོན་ཤོག་གི་འགེངས་ཤོག་འབྱོར་བའི་མི་གྲངས་ ༢༠༤ ནས་ཏི་ཛུ་དར་རྒྱས་གླིང་ནས་མི་གྲངས་ ༦༤ ཡོད་པ་དང། ཀྲུ་ཀྲིང་ནས་མི་གྲངས་ ༣༧ བྱུང་ཡོད། དེ་བཞིན་མིའོ་གཞིས་ཆགས་ནས་མི་གྲངས་ ༧༩ ཡོད་པ་མ་ཟད། བསྟན་འཛིན་སྒང་ནས་མི་གྲངས་ ༢༤ བཅས་བསྡོམས་མི་གྲངས་ ༢༠༤ ལ་འབྱོར་ཡོད། མགྲོན་ཤོག་འབྱོར་བའི་མི་གྲངས་ ༢༠༤ ཡོད་པ་རྣམས་ལ་དྲི་རྩད་བྱ་རྒྱུ་དང། ཁོང་རྣམས་ཀྱི་གཟུགས་གཞི་བདེ་འཕེར་ཡིན་མིན་སྨན་པའི་བརྟག་དཔྱད་བྱ་རྒྱུའི་དུས་ཚོད་གནས་སྐབས་རིང་ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་གནང་གཏན་འཁེལ་ཡོད།
དེ་ཡང་ཁེ་ན་ཌའི་ཆེས་མཐོའི་གཞུང་ཚབ་ལས་ཁུངས་ཀྱིས་ཨ་རུ་ན་ཅལ་པར་དེ་ཤི་མངའ་སྡེ་ནས་རྒྱན་ཤོག་ཐོབ་པ་རྣམས་ལ་སྟབས་བདེའི་ཆེད། ཨ་སམ་མངའ་སྡེའི་ཏིན་སུ་ཀི་ཡ་Tinsukia དང་སྡིབ་རུ་གྷར་ Dibrugrah དུ་དྲི་རྩད་དང་གཟུགས་གཞི་བརྟག་དཔྱད་གནང་རྒྱུ་ཡིན་འདུག་པ་མ་ཟད། ཐེངས་འདིར་ཁེ་ན་ཌའི་ཆེས་མཐོའི་གཞུང་ཚབ་ལས་ཁུངས་ཀྱིས་ཕྱི་མི་གཞིས་སྤོ་བྱ་རྒྱུའི་དོད་Immigration Fees འབུལ་མི་དགོས་པའི་ཆག་ཡང་བཏང་བར་བརྟེན། ཁེ་ན་ཌའི་སྒོར་བཞི་འབུམ་ལྔ་ཕྲི་དང་ ༼༤༥༠ ༠༠༠༽ ( $ 450,000) དང་། རྒྱ་གར་སྒོར་ས་ཡ་ ༼༢༤༽ (Rs. 2.4 crores) ཙམ་ཁེ་ཕན་བྱུང་ཡོད།