༢༠༡༣ ཟླ་ ༢ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་སྟེ་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། ནང་པའི་སྤྱི་གླིང་ཞིག་དབུ་འབྱེད་མཛད་རྒྱུ་ཡིན་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁང་ནས་གནས་ཚུལ་ཐོན་གསལ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་སུ་ཕྱི་ཟླ་གསུམ་པའི་ཚེས་ ༢༦ ཉིན་ཆིབས་སྒྱུར་བསྐྱང་སྟེ་མཐོ་ཚད་ཕི་ཀྲི་ ༡༣༥ ཡོད་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། ནང་པའི་སྤྱི་གླིང་དབུ་འབྱེད་མཛད་རྒྱུ་མ་ཟད། སྐལ་བཟང་གི་དུས་སྐབས་དེར་ལྷོ་ཨ་ཕི་རི་ཀའི་ཡུལ་གྲུ་ཁག་ནས་སྟོན་པའི་རིང་བསྲེལ་ཡང་གདན་ཞུ་གནང་རྒྱུ་ཡིན་སྐོར་སོགས་འབྲས་ལྗོངས་མངའ་སྡེ་གཞུང་གིས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་འདུག
སྤྱིར་བཏང་ར་བང་ལ་(Ravangla) ཞེས་པའི་ས་ཁུལ་དེ་ནི་འབྲས་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཆགས་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་སྐྱོད་ཡུལ་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང༌། ས་ཁུལ་དེའི་ནང་རི་བོ་གངས་ཅན་མཛོད་ལྔ་སོགས་སྐད་གྲགས་ཅན་གྱི་རི་དེའི་རྩེ་མོ་གསལ་པོ་མཐོང་ཐུབ་ཡུལ་ཞིག་ཡིན་འདུག ས་ཁུལ་དེར་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཀྱང་ཡོད་པ་མ་ཟད། ར་བང་ལ་ནས་སྤྱི་ལེ་དྲུག་ཕྱིན་པའི་མཚམས་སུ་བཀའ་རྒྱུད་སློབ་གཉེར་ཁང་སོགས་ཡོད་འདུག་པ་བཅས། །