༢༠༡༣ ཟླ་ ༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༦ པ་འཚོགས་མུས་ཡིན་པ་ལྟར། བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་ཐོག་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་ཚོགས་ཆུང་གི་ངོས་ནས་འབྲས་སྤུངས་བློ་གསལ་གླིང་འདུ་ཁང་རྙིང་པའི་ནང་ཉིན་ལྟར་ཕྱི་དྲོ་ཆུ་ཚོད་ ༧།༣༠ ནས་ ༩ བར་དབང་པོ་ལྔའི་སྐོར་གྱི་ཚན་རིག་གི་འགྲེམས་སྟོན་ཞིག་གནང་ཡོད་པ་དེའི་ནང་དབང་པོ་ལྔའི་བྱ་བ་བྱེད་ཚུལ་སྐོར་ལ་ནང་ཆོས་དང་ཚན་རིག་གཉིས་དབར་ཕྱོགས་སོ་སོའི་ལྟ་ཚུལ་ཐོག་སྡེ་ཚན་སོ་སོར་མཚོན་ཁྲ་ཅན་གྱི་རིས་མོ་དང་འགྲེལ་བཤད་བྲིས་ཡོད་འདུག
འགྲེམས་སྟོན་ལ་ལྟ་བར་ཕེབས་མཁན་མི་མང་རྣམས་ལ་དགེ་འདུན་པ་ཚོས་གོ་བདེའི་འགྲེལ་བཤད་བསྐྱོན་དང་སྐྱོན་མུས་ཡིན་འདུག
དེ་བཞིན་འགྲེམས་སྟོན་དེའི་ནང་ཀླད་ཁམས་ཚན་རིག་པའི་མཁས་དབང་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌ་སན་ (Richie Davidson) ལགས་ཀྱིས་འཕྲུལ་ཆས་ཐོག་ནས་ཀླད་ཁམས་བརྟག་དཔྱད་བྱས་པའི་སྡེ་ཚན་ཞིག་ཀྱང་བཙུགས་ཡོད་པ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཡིག་ཐོག་པར་སྐྲུན་བྱས་པའི་ཚན་རིག་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་ཀྱང་སྤུས་ཚོང་གནང་གི་ཡོད་འདུག་པ་བཅས། །