༢༠༡༣ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །སུད་སིའི་གྲོང་ཁྱེར་འཇི་ནི་ཝར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་ནང་གི་གནས་སྟངས་ཇི་ཡིན་རྟོག་ཞིབ་གནང་མཁན་གྱི་སྐུ་ཚབ་ཆེད་གཏོང་དགོས་པའི་དགོས་འདུན་བཏོན་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན་སུད་སིའི་གྲོང་ཁྱེར་འཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་ཚོགས་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཚོགས་ཆུང་གསུམ་གྱི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཐོག་སྐད་འབོད་གནང་རྗེས་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་གནང་གྲུབ་མཚམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་ཁག་གསུམ་བཏོན་ཡོད་པ་ནི། ༡༽བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་བྱས་རྗེས་ལ་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ༢༽བོད་ནང་གི་ཛ་དྲག་གནས་སྟངས་རྟོག་ཞིབ་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྐུ་ཚབ་གཅིག་ཆེད་གཏོང་དགོས་པ། ༣༽གལ་ཏེ་རྒྱ་ནག་གཞུང་ནས་རྒྱ་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ལྷག་བསམ་གཡོ་མེད་ཀྱི་འདུན་པ་ཡོད་ན། ད་ལྟའི་བོད་ནང་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་བྱེད་དགོས། སོགས་བཏོན་འདུག་པ་བཅས། །