༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ཇན་ཊར་མན་ཊར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་ པའི་གཞི་རྒྱ་ཆེ་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་བསྡོམས་མཛད་སྒོ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོ། བཀའ་ཤག་གི་བཀའ་དགོངས་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་མཛད་སྒོ་བཅས་ཚུགས་གནང་ཡོད་པ་རེད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ལྡི་ལིར་རྒྱུན་བཞུགས་དང་། ལྡི་ལི་ཉེ་འཁྲིས་དགུན་ཚོང་སྡེ་ཚན་ཁག་བརྒྱད། བོད་ཁྱིམ་སྡོད་ཁང་གཙོས་པའི་མཐོ་སློབ་སློབ་ཕྲུག་བཅས་ཁྱོན་བོད་མི་སྟོང་ཕྲག་གཉིས་ཙམ་གྱིས་ལྡི་ལི་རམ་ལི་ལ་ཐང་ཆེན་ (Ramlila Ground) ནས་བོད་ནང་སྐུ་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༩༥ ཡི་སྐུ་པར་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དགོས་འདུན་བོད་ཧིན་ཨིན་གསུམ་ནང་འཁོད་པའི་འཕྲེད་དར་བཅས་ཀྱིས་སྣེ་དྲངས་སྟེ་ཇན་ཊར་མན་ཊར་བར་ཞི་བའི་གོམ་བགྲོད་གནང་།
བདེན་པའི་མེ་ལྕེ་སྐོར་བསྐྱོད་གོ་སྒྲིག་ཚོགས་ཆུང་གི་སྤྱི་འཐུས་ལྔ་པོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཡན་ལག་ལས་ ཁུངས་སུ་ཆེད་བཅར་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་ས་རྟགས་བསྡུ་རུབ་ཞུས་པ་ཕྱོགས་སྒྲིག་གི་དེབ་གྲངས་ ༡༡༩ དང་། བདེན་པའི་མེ་ལྕེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབུལ་རྒྱུའི་ ཞུ་སྙན་ཁ་ཤོག་བཅས་མཉམ་འབུལ་དང་། སྐབས་བསྟུན་གྱི་རེ་སྐུལ་ཁག་ངག་ཐོག་ནས་སྙན་གསན་ཀྱང་ཞུས། རྒྱལ་ས་ལྡི་ལིར་རྟེན་གཞིས་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་གྱི་སྐུ་ཚབ་སྐུ་ཞབས་ (R. K. Sharma) ལགས་ནས་བོད་དོན་ཞུ་སྙན་ཁག་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་སོ་སོར་འབུལ་རྒྱུའི་ཞལ་བཞེས་གནང་།
ཇན་ཊར་མན་ཏར་དུ་མཛད་སྒོ་དངོས་གཞིའི་སྐབས་གནད་ཡོད་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ངག་བཅད་གུས་བཏུད་ཞུས། དེ་ནས་ལྡི་ལི་བསམ་ཡས་གླིང་བོད་སྒར་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ནས་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། ཕྱོགས་བཞུགས་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་བཅས་སྙན་སྒྲོན་གནང་།
བོད་དོན་རྒྱབ་སྐྱོར་བ་ལ་དྭགས་ཕུན་ཚོགས་ལགས་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་། ཆེད་དུ་གདན་འདྲེན་ཞུས་པའི་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་དམག་སྤྱི་གཞོན་པ་ཟུར་པ་སྐུ་ཞབས་ (Lieut. Gen. N. S. Malik) མཆོག་དང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (Balbir K. Punj) རྣམ་གཉིས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བའི་གསུང་བཤད། བདེན་པའི་མེ་ལྕེ་སྐོར་བསྐྱོད་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྤྱི་ འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་བརྒྱུད་རིམ། སྐུ་མགྲོན་གཙོ་བོ་རྒྱ་གར་ཕྱོགས་འགལ་ BJB ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (J. P. Nadda) མཆོག་ནས་ཚོགས་པའི་སྐུ་ཚབ་ངོ་བོའི་ཐོག་ནས་བོད་དོན་གསུང་བཤད་གནང་། དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་སྨོན་ལམ་འདུ་ཚོགས་གནང་རྗེས་སྐུ་མགྲོན་གཙོ་བོ་ BJB ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (J.P. Nadda) མཆོག་དང་།
ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག བདེན་པའི་མེ་ལྕེ་སྐོར་བསྐྱོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ འཐུས་པདྨ་འབྱུང་གནས་ལགས་བཅས་ཀྱིས་འགོ་འཛུགས་གནང་སྟེ་རྒྱས་གཅེས་དཔའ་བོ་དཔའ་མོ་ ༩༥ ཡི་སྐུ་པར་ལྒང་བུར་བཏགས་སྟེ་རིམ་བཞིན་མཁའ་དབྱིངས་སུ་བརྒྱུད་བཏང་གནང་ནས་ཚང་མ་སྐུ་བཞེངས་ཐོག་བདེན་ཚིག་སྨོན་ལམ་འུར་འདོན་དང་འབྲེལ་ཕྱི་དྲོ་ཆུ་ཚོད་ ༢།༠༠ ཐོག་མཛད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།།