༢༠༡༢ ཟླ་ ༡༡ ཚེས་ ༡ རེསགཟའ་ཕུར་བུ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༑ འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བསྐོངས་ཚོགས་བྱས་ཏེ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེས་གཙོས་པའི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་ ༩ དང་ཚོགས་མི་ ༢༤ བརྗེ་བསྒྱུར་བྱས་ཏེ་ཏང་སྲིད་དམག་གསུམ་གྱི་ཆེས་མཐོའི་མི་སྣ་འཕོ་འགྱུར་འགྲོ་རྒྱུ་རེད། རྒྱ་ནག་དམར་གཞུང་གི་དབང་ཆ་འཕོ་འགྱུར་འགྲོ་རྒྱུ་དེ་ནི་དམར་ཤོག་ནང་ཁུལ་ཤོག་ཁག་དབར་གྱི་སྟོབས་ཤུགས་དོ་སྙོམ་བཟོས་ཏེ་ཁེ་ཕན་ནང་སྒྲིག་བྱས་པའི་འབྲས་བུ་ཞིག་ཡིན་པར་བཤད།
རྒྱ་ནག་གུང་ཁྲན་ཏང་གི་ཐེངས་བཅོ་བརྒྱད་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རིང་མིན་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ནས་ཉིན་ཤས་རིང་བར་བསྐོང་འཚོགས་བྱ་རྒྱུ་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་ཡོད་པ་རེད། ཚོགས་ཆེན་བཅོ་བརྒྱད་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆའི་བསྟི་གནས་འཕོ་འགྱུར་གཏོང་བའི་གལ་ཆེའི་ཚོགས་འདུ་ཞིག་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་ཚོགས་ཆེན་དེའི་ནང་དབང་ཆའི་བསྟི་གནས་ཞི་འཇམ་ངང་བར་བརྒལ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གཤམ་དུ་རྒྱ་ནག་གཞུང་འབྲེལ་དང་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡོམས་བྱས་ཏེ་རྒྱ་ནག་དམར་ཤོག་རྒྱལ་ཡོངས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གཞི་རྩའི་གནས་ཚུལ་དང་དོ་སྣང་བྱ་ཡུལ་གཙོ་གནད་ཁག་གཅིག་གི་སྐོར་མདོ་ཙམ་གླེང་རྒྱུ་ཡིན།
རྒྱ་ནག་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན།
རྒྱ་ནག་དམར་ཤོག་ཚོགས་པས་གུང་ཁྲན་ཏང་གསར་འཛུགས་བྱས་ཏེ་ད་བར་ལོ་ ༩༡ ཕྱིན་པ་ནས་བཟུང་། ད་བར་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༧ ཚོགས་ཡོད་པ་རེད། ཏང་གི་འཐུས་མའི་ཚོགས་ཆེན་ཚོགས་སྟངས་དེ་རིམ་པས་ཚད་ལྡན་དང་རྒྱུན་ལྡན་ཅན་གྱི་བརྒྱུད་རིམ་ཞིག་བརྒྱུད་ཡོད་པ་རེད། ཏང་གསར་འཛུགས་བྱས་ཏེ་སྲིད་གཞུང་འཛུགས་གཉེར་བྱས་པའི་རྗེས་ཀྱི་རིག་གནས་གསར་བརྗེ་མཇུག་བསྒྲིལ་མ་བྱས་པར། རྒྱ་ནག་དམར་ཤོག་ཏང་གི་འཐུས་མིའི་ཚོགས་འདུ་དུས་བཀག་དང་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་མེད་ཅེས་བཤད་ཆོག ཕྱི་ལོ་ ༡༩༨༢ ལོ་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༢ ནས་འགོ་བཙུགས་ཏེ་གཞི་ནས་ལོ་ལྔ་རེར་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་རེ་འཚོགས་རྒྱུའི་དུས་བཀག་ཅིག་ལ་གྱུར་བ་རེད།
ཚོགས་ཆེན་ ༡༨ པའི་འཐུས་མིའི་གྲུབ་ཆ།
ཕྱི་ལོ་ ༢༠༡༢ ཟླ་ ༦ ཟླ་མཇུག་ཏུ་གཞི་ནས་ཏང་གི་རྒྱལ་ཡོངས་ཚོགས་ཆེན་སྐབས་ ༡༨ པའི་འཐུས་མིའི་འོས་འདེམས་ཀྱི་ལས་དོན་ལེགས་པར་གྲུབ་སྟེ། འཐུས་མི་ཁྱོན་བསྡོམས་མི་གྲངས་ ༢༢༧༠ ཡོད་ཁོངས་ནས་བེུད་འཐུས་མི་གྲངས་ ༥༢༡ ཡོད་པ་དེས། འཐུས་མིའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༢༣ ཟིན་ཡོད་པ་དང་ཚོགས་ཆེན་ ༡༧ པ་ལས་མི་གྲངས་ ༧༦ མང་དུ་ཕྱིན་ཡོད། གྲངས་ཉུང་མི་རིགས་ཀྱི་འཐུས་མི་ ༢༤༩ ཡོད་པ་དེས་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༡༡ ཟིན་ཡོད་པ་དང་ཚོགས་ཆེན་ ༡༧ ལས་མི་ ༧ མང་དུ་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཀྱི་མི་སྣ་གྲངས་ ༢༧ ཏང་གི་ཚོགས་ཆེན་ ༡༨ པའི་རྒྱལ་ཡོངས་འཐུས་མིའི་མིང་ཐོའི་ནང་འཁོད་འདུག ད་རེས་ཀྱི་འཐུས་མིའི་ནང་ནས་ལོ་ཆེ་ཤོས་༼༨༧༽ཅའོ་རོ་ཡུས་ཡིན་པ་དང་། ཕྱི་ལོ་ ༡༩༡༥ ལོའི་ཟླ་ ༥ པར་སྐྱེས་ཡོད་པ་རེད། ལོ་ཆུང་ཤོས་ནི་༼༢༡༽ཅའོ་ལིའུ་ཡང་ཡིན་ཞིང་། ཕྱི་ལོ་ ༡༩༩༡ ལོའི་༨ སྐྱེས་པ་རེད། ཚོགས་ཆེན་ ༡༨ པའི་རྒྱལ་ཡོངས་འཐུས་མིའི་མིང་ཐོའི་ནང་ད་དུང་ཐེ་ཝན་གྱི་འཐུས་མི་ ༡༠ དང་ཧོང་ཀོང་གི་འཐུས་མི་ ༡༠ མན་ཀོ་ཡི་འཐུས་མི་ ༡༠ བཅས་འཁོད་ཡོད་པ་རེད།
ཚོགས་ཆེན་ ༡༨ པའི་གལ་ཆེའི་རང་བཞིན།
ཚོགས་ཆེན་ ༡༨ པ་ནི་རྒྱ་ནག་དམར་གཞུང་ཆེས་མཐོའི་འགོ་ཁྲིད་རིམ་པའི་མི་རབས་བརྗེ་བསྒྱུར་གྱི་ཚོགས་འདུ་ཞིག་རེད། འདི་ལོའི་སྟོན་མཇུག་གི་རྒྱ་ནག་དམར་ཤོག་རྒྱལ་ཡོངས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ ༢༠༡༣ ལོའི་དཔྱིད་ཁར་༼ཟླ་ ༣ པའི་ནང་༽འཚོགས་འཆར་ཡོད་པའི་སྐབས་བཅུ་གཉིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག རྒྱ་ནག་གཞུང་གི་འགོ་ཁྲིད་གཙོ་བོ་རྣམས་བརྗེ་བསྒྱུར་བྱས་པ་མངོན་འགྱུར་འོང་རྒྱུ་རེད། མིག་སྔར་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་གཙོ་གྲས་ཧུ་ཅིན་ཐའོ་དང་། སྲིད་བློན་ཝུན་ཅཱ་བའོ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཀྲང་༼ཚོགས་གཙོ་༽ཧུ་པང་གོ་སོགས་ཚོད་དཔག་བྱས་ན་རྒས་ཡོལ་དུ་འགྲོ་རྒྱུ་རེད། མི་གསར་པ་མང་པོ་ཞིག་རྒྱ་ནག་གཞུང་གི་དབང་ཆའི་བསྟི་གནས་ཆབ་སྲིད་ཅུས་དང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་སླེབས་རྒྱུ་རེད། མི་རབས་གསར་པ་དེ་དག་གིས་མ་འོངས་པའི་རྒྱ་ནག་གི་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་ཀྱི་ཁ་ཕྱོགས་དང་། དེབཞིན་དཔལ་འབྱོར་དང་ཕྱི་སྲིད། དམག་དོན་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྲིད་བྱུས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
ཆབ་སྲིད་ཅུས་དང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
ད་ཡོད་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་མི་གྲངས་ ༢༤ ཡོད་ཁོངས་ནས་རྒྱུན་ལས་མི་དགུ་ནི། ཧུ་ཅིན་ཐའོ་དང་། ཧུ་པང་གོ ཝུན་ཅཱ་བའོ། ཅཱ་ཆིང་ལིང་། ཀྲའུ་ཡུང་ཁང། ལི་ཁྲང་ཁྲུན། ཧོ་གོ་བྱང་། ཞི་ཅིན་ཕིང་། ལི་ཁོ་བྱང་བཅས་ཡིན་པ་དང་། དེ་བྱིངས་ཝང་ཅི་ཧྲན། ཝང་ཀྲའོ༌གོ ཝང་ཀང་། ཝང་ལཱ་བྱོན། ལིའུ་ཆི། ལིའུ་ཡན་ཏུང་༼བེུད༽ ལིའུ་ཡུན་ཧྲན། ཧུད་ལེང་ཡུས། ལི༌ཡོན་ཁྲའོ། ཧོང་ཡང་། ཀྲང་ཀོ་སླིད། ཀྲང་ཏེ་ཅང། ཡུས་ཀྲེང་ཧྲན། ཀོ་བའོ་ཞུང་། ཞུས་ཚད་ཧོ། བཅས་ནི་ཆབ་སྲིད་ཅུས་ཀྱི་ཚོགས་མི་ཨུ་ཡོན་ཡིན་པ་དང་། བྷོ་ཤི་ལའི་འདི་ལོའི་ཕྱི་ཟླ་བཞི་པའི་ནང་ཁོ་པའི་ཏང་ཕྱི་ནང་གི་གོ་གནས་ཚང་མ་མཚམས་འཇོག་བྱས་ཡོད་པ་རེད།
ལས་གནས་ཀྱི་དུས་ཡུན་དང་ལོ་ཚད་གཏན་འབེབས།
༡། ལས་གནས་ཀྱི་ཚད་བཀག་ནི། ཏང་དང་སྲིད་གཞུང་གི་མཐོ་རིམ་ལས་གནས་ཀྱི་དུས་ཡུན་ནི་ལོ་ལྔ་རེ་ཡིན་པ་དང་། འགོ་ཁྲིད་གཅིག་གིས་ལས་གནས་གཅིག་ཐོག་མུ་མཐུད་དེ་ལས་རྒྱུན་གཉིས་དང་དེའི་དུས་ཡུན་ལོ་བཅུ་ལས་བརྒལ་མི་ཆོག
༢། ལོ་ཚད་གཏན་འབེབས་ནི། ༢༠༠༧ ལོར་ཚོགས་པའི་ཚོགས་ཆེན་སྐབས་ ༡༧ པས་གཏན་འབེབས་བྱས་པར་གཞིགས་ན། ཕྱི་ལོ་ ༡༩༤༠ ལོར་སྐྱེས་པའི་འགོ་ཁྲིད་ཚང་མ་སྐབས་གསར་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ལྷན་ཁང་གི་ལས་གནས་བཟུང་མི་ཆོག་ཅེས་འཁོད་ཡོད་ཀྱང་། ད་རེས་སྐབས་ ༡༨ པའི་ཚོགས་ཆེན་ཐོག་ནས་ལོ་ཚད་དེ་ཕྱི་ལོ་ ༡༩༤༥ ལ་བཟོ་བཅོས་བྱ་སྲིད་པ་རེད། གང་ཡིན་ཞེ་ན། ༢༠༠༧ ནས་ ༢༠༡༢ བར་ལོ་ལྔ་འདས་ཟིན་པ་རེད།
ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གསར་པའི་ནང་སླེབ་སྲིད་པའི་མི་སྣ།
རྒྱ་ནག་གི་གནད་དོན་ཐོག་ཞིབ་འཇུག་པ་མང་ཆེ་བས་ད་ལྟའི་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཅུས་རྒྱུན་ལས་ཚོགས་མི་དགུ་ཡོད་པ་ནས་མི་བདུན་བར་ཉུང་འཕྲི་བྱས་པར་ངོས་འཛིན་བྱས་འདུག༌ཅིང་། ད་ཡོད་ཀྱི་ཆབ་སྲིད་ཅུས་དང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཡིན་ཁོངས་ནས་སུ་དང་སུ་ཞིག་ཚོགས་ཆེན་ ༡༨ རྗེས་ཀྱི་རྒྱ་ནག་གི་ཆེས་མཐོའི་དབང་ཆའི་བསྟི་གནས་གསར་པའི་ནང་སླེབ་པའི་རེ་བ་ཆེ་ཤོས་ཡོད་དམ།
རྒྱ་ནག་དམར་ཤོག་གི་དབང་ཆ་འཕོ་འགྱུར་འགྲོ་བའི་རྒྱུན་ཤེས་ལ་བལྟས་ན། ད་ལྟའི་ ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དགུ་ཡོད་ཁོངས་ནས་ཞི་ཅིན་ཕིང་དང་ལིས་ཁེ་བྱང་གཉིས་མུ་མཐུད་རང་སོར་འཁོད་པ་ལས་དེ་བྱིངས་མི་བདུན་ཆ་ཚང་རྒས་ཡོལ་དུ་འགྲོ་རྒྱུ་རེད། དེ་མིན་ཆབ་སྲིད་ཅུས་ཀྱི་ཚོགས་མི་ཨུ་ཡོན་མི་ ༡༦ ཡོད་པ་ནས་བྷི་ཤི་ལའི་ལས་གནས་ལས་ཕྱིར་འབུད་བྱས་པ་ཕུད་དེ་བྱིངས་མི་ ༡༥ལྷག་ཡོད་ཁོངས་ནས་ཉུང་མཐར་མི་བདུན་ལོ་ན་མཐོ་བའི་དབང་གིས་ལས་གནས་ནས་ཕྱིར་བཤོལ་གྱིས་མི་ཐོག་གསར་པར་རྩིས་སྤྲོད་མ་བྱེད་དཀའ་མེད་དུ་གྱུར་བ་རེད།
ད་འོ་ན་སུ་དང་སུ་སླེབ་ཀྱི་རེད་ཅེས་སྔོན་དཔག་གཅིག་བྱས་ན། ཞིབ་འཇུག་པ་མང་ཆེ་བས་མགྲིན་དབྱངས་གཅིག་གྱུར་ཐོག་ཕལ་ཆེར་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནང་སླེབས་སྲིད་པའི་མི་དེ་དག་ནི། ལོ་ ༼༥༩༽ ཞི་ཆིན་ཕིང་《 སྲིད་འཛིན་དང་ཏང་གི་སྤྱི་ཁྱབ་དྲུང་ཆེ་》ལོ་༼༦༦༽ཀྲང་ཏེ་ཅང་《རྒྱལ་ཡོངས་མི་འཐུས་རྒྱུན་ལས་ཚོགས་གཙོ》ལོ་ ༼༥༧ ༽ལི་ཁེ་བྱང་《སྲིད་བློན》 ལོ་༼༦༧༽ཡུས་ཀྲེང་ཧྲན།《རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ》ལོ་༼༦༥༽ལིའུ་ཡུན་ཧྲན་《དྲིལ་བསྒྲགས་དོ་དམ་འགན་འཛིན་》ལོ་༼༦༤༽ཝང་ཆི་ཧྲན།《དབུས་དམར་ཤོག་སྒྲིག་བཤེར་ལྷན་ཁང་གི་དྲུང་ཆེ》 ལོ་༼༦༦༽ཀྲང་ཀོ་སླིད།《རྒྱུན་ལས་སྲིད་བློན་གཞོན་པ》 བཅས་ཡིན་པ་དང་། གཞན་ཡང་ལོ་༼༥༧༽ཧོང་ཡང་དང་། ལོ་༼༦༢༽ལིའུ་ཡོན་ཁྲའོ། ལོ་༼༦༧༽ལིའུ་ཡན་ཏུང་༼བེུད༽ཁོང་གསུམ་ཐོག་མར་རེ་བའི་ནང་ཡོད་ཀྱང་རྗེས་སུ་རྒྱུ་མཚན་གཞན་ཞིག་གི་ཐོག་ནས་རེ་བ་མེད་པར་གྱུར་སྐད་འདུག་ཀྱང་། རྒྱ་ནག་དམར་གཞུང་གི་དབང་ཆ་འཕོ་འགྱུར་འགྲོ་རྒྱུ་དེ་ནི་དམར་ཤོག་ནང་ཁུལ་ཤོག་ཁག་དབར་གྱི་སྟོབས་ཤུགས་དོ་སྙོམ་བཟོས་ཏེ་ཁེ་ཕན་ནང་སྒྲིག་བྱས་པའི་འབྲས་བུ་ཞིག་ཡིན་པར་ཤོད་ཀྱི་ཡོད་པ་ཡིན་ནའང་དབང་ཆའི་བསྟེི་གནས་ནང་མ་འཚུད་པའི་མཁྲེགས་འཛིན་ཤོག་ཁག་གིས་ཁོང་ཚོར་དབང་ཆ་སླར་གསོ་ཡོང་ཆེད་ཐབས་ལམ་སྣ་ཚོགས་ ཀྱིས་ཚུར་རྒོལ་བྱས་དང་བྱེད་མུས་ལ་བརྟེན་གོང་གསལ་རྒྱུན་ལས་མི་བདུན་ནང་ནས་ལིའུ་ཡུན་ཧྲན་དང་ཀྲང་ཀོ་སླིད་གཉིས་འགྱུར་བ་འགྲོ་སྲིད་པ་ཡང་ཤོད་མཁན་ཡོད་པ་རེད།
དབང་ཆའི་འཐབ་རྩོད་ཀྱི་མཇུག་འབྲས་དང་རེ་བ།
གོང་དུ་གསལ་བའི་གུང་ཁྲན་ཏང་གི་ཚོགས་ཆེན་ ༡༨ པའི་ཆེས་མཐོའི་དབང་ཆ་འཛིན་མཁན་གྱི་གནད་ཡོད་མི་སྣ་དེ་དག་ཧུ་ཅིན་ཐའོ་དང་ཞི་ཅིན་ཕིང་གཉིས་ལག་སྦྲེལ་བྱས་པའི་འབྲས་བུ་ཞིག་ཡིན་པར་བཤད་ཅིང་། དེ་ཡང་གསལ་པོར་བཤད་ན་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་རྒན་པའི་མི་ཐོག་གཉིས་པ་༼སྲས་རྣམ་པའི་ཤོག་ཁག་༽དང་། གཞོན་ནུ་ཚོགས་པའི་ཤོག་ཁག་གཉིས་ཟུང་འབྲེལ་གྱིས་སྲིད་དབང་སྐྱོང་གི་ཡོད་པ་གསལ་པོ་བསྟན་ཡོད་པ་རེད། དེ་ལྟར་བཤད་དགོས་པའི་གཞི་རྩ་ནི། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་ཆབ་སྲིད་ཅུས་ཀྱི་ཚོགས་མི་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡིན་པའི་བྷོ་ཤི་ལའི་ཡི་ཏང་ཕྱི་ནང་གི་གོ་གནས་མེད་པ་བཟོས་ཏེ་ཁོ་པར་ཁྲིམས་ཆད་གཏོང་རྒྱུའི་སྐོར་རྒྱ་ནག་དབུས་གཞུང་གིས་ཚད་མཐོའི་ཡོངས་ཁྱབ་ཀྱི་ཕྱིར་བསྒྲགས་བྱེད་པའི་ཐག་གཅོད་དེ་ནི་ཧུ་ཅིན་ཐའོ་དང་ཞི་ཅིན་ཕིང་གཉིས་ལག་སྦྲེལ་བྱས་པ་ཞིག་ཡིན་པར་བཤད་ཅིང་། དེས་ཧུ་ཅིན་ཐའོ་དང་ཝུན་ཅཱ་བའོ་གཉིས་ནས་བྷོ་ཤི་ལའི་ཡི་རྒྱབ་རྩ་ཀྲའུ་ཡུང་ཁང་དང་། ཅང་ཙེ་མིན་སོགས་ཐབས་མཁས་ཞི་འཇམ་ངང་ཕམ་ཉེས་བཏང་ཐུབ་པ་བྱུང་བ་མ་ཟད། ཉེ་ཆར་ཧུ་ཅིན་ཐའོ་ཡི་བློས་འཁེལ་བའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་སྤྱི་ཁྱབ་ཁོངས་མི་གསུམ་གསར་བསྐོ་བྱས་ཟིན་པར་བརྟེན་ཧུ་ཅིན་ཐའོ་ཡིས་རྒྱ་ནག་གི་དམག་དཔུང་དང་དམག་གི་དབང་ཆ་བརྟན་པོ་ཟིན་ཡོད་སྟབས། ཞི་ཅིན་ཕིང་གི་ཏང་གི་སྤྱི་ཁྱབ་དྲུང་ཆེ་དང་། ལི་ཁེ་བྱང་གི་སྲིད་བློན། ཧུ་ཅིན་ཐའོ་ཡིས་རྒྱ་ནག་དམག་དབུས་གཙོ་འཛིན་བྱས་པ་བརྒྱུད་རྒྱ་ནག་གཞུང་གི་ཏང་སྲིད་དམག་གསུམ་གྱི་ཆེས་མཐོའི་དབང་ཆ་དེ་ཧུ་ཞི་ལི་གསུམ་གྱིས་སྲིད་དབང་སྐྱོང་བའི་གནས་བབ་ཅིག་ཆགས་རྒྱུ་ངེས་པ་རེད།
དེ་ལྟར་ནའང་རྒྱ་ནག་གཞུང་གི་མ་འོངས་པའི་འགོ་ཁྲིད་གསར་པས་ད་ཡོད་ཀྱི་སྲིད་བྱུས་དང་གནས་སྟངས་སྔར་བཞིན་རང་སོར་གནས་དང་། ཡང་ན་དུས་བབ་དང་མི༌མང་གི་འདོད་བློ་དང་མཐུན་པའི་འགྱུར་བ་གཏང་གི་རེད་དམ་ཞེས་པའི་དྲི་བ་འདིའི་ཐད། སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་དེ་སྔོན་ཧུ་ཅིན་ཐའོ་དང་ཝུན་ཅཱ་བའོ་གཉིས་ཐོག་མར་རྒྱ་ནག་གི་འགོ་ཁྲིད་ལས་གནས་སུ་སླེབས་སྐབས་རྒྱ་ནག་ནང་འགྱུར་བ་གསར་པ་ཞིག་འོང་རྒྱུའི་རེ་བ་ཆེན་པོ་བྱས་ཡོད་ཀྱང་། དངོས་ཡོད་གནས་སྟངས་ཐོག་དཔལ་འབྱོར་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་ཆབ་སྲིད་ཐོག་དེ་སྔོན་ལས་དམ་དྲག་ཆེ་རུ་བཏང་ནས་གཞུང་དང་མི་མང་དབར་འགལ་ཟླ་དང་འཁོན་འཛིན་ཆེན་པོ་བཟོས་ཡོད་པ་དེ་དག་དུས་ཚོད་ཐུང་ཐུང་ནང་འགྱུར་བ་གཏོང་རྒྱུ་དཀའ་ངལ་ཆེན་པོ་ཡོད་ཀྱང་།
ད་ལྟའི་རྒྱ་ནག་རྒྱལ་ཡོངས་ནང་དབུལ་ཕྱུག་དབར་ཁྱད་བར་ཆེན་པོ་ཡོད་པ་ཆུང་དུ་གཏོང་རྒྱུས་མཚོན་མི་མང་གི་འཚོ་བའི་གནད་དོན་དང་དཔལ་འབྱོར་རང་དབང་ཅན་དུ་འགྲོ་རྒྱུའི་ཆེད་དུ་བསྒྱུར་བཅོས་གང་ལ་གང་འཚམ་གཏོང་སྲིད་པར་མང་ཚོགས་ཀྱི་དགའ་མོས་འཐོབ་རྒྱུ་རེད། ཡིན་ནའང་། ཆབ་སྲིད་ཐད་བསྒྱུར་བཅོས་ཀྱི་མཚོན་པའི་མི་རྣམས་ཀྱིས་རེ་བ་བྱས་པའི་མང་གཙོའི་ལམ་སྲོལ་ཐོག་གོམ་པ་སྤོ་རྒྱུའི་ཐད་ད་ལྟ་རེ་བ་འདུག་ཟེར་ཁ་མཚོན་བཅད་ན་སྔ་དྲག་པའི་ངོས་འཛིན་བྱེད་མཁན་མང་པོ་ཡོད་འདུག་པ་དང་། ལྷག་དོན་དུ་བོད་དང་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་སྟེང་ད་ཕན་ལས་ཕྲན་བུའི་ཞི་འཇམ་ཞིག་གཏོང་རྒྱུའི་རེ་བ་ཡོད་སྲིད་ཀྱང་བོད་མིས་རེ་བ་བྱས་པ་ལྟར་འགྱུར་བ་འགྲོ་རྒྱུ་ཧ་ཅང་དཀའ་ངལ་་རེད་སྙམ། གང་ཡིན་ཞེ་ན། རྒྱ་ནག་གུང་ཁྲན་ཏང་གི་དབང་བསྒྱུར་ཇི་ཙམ་གནས་པ་དེས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་མི་སྲིད་པ་གསལ་པོ་རེད། རྷ་ས་ནས་༢༠༡༢།༡༠།༣༡།ཉིན་བྲིས་པའོ།