༢༠༡༢ ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་གྱི་མཚན་མོར་ཡུ་རོབ་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་སུད་སི་གྲོང་ཁྱེར་ཛུ་རིཀ་ཏུ་འབྱོར་ཡོད།
དེ་ཡང་ཡུ་རོབ་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཕྱག་ཏུ་བདེན་པའི་མེ་ལྕེ་བསྣམས་ཏེ་སུད་སི་གྲོང་ཁྱེར་ཛུ་རིཀ་གི་ས་ཁུལ་བྷུར་ཀིལ་པ་ཛིར་Bürkliplatz འབྱོར་སྐབས་བོད་མི་ ༧༠༠ ཙམ་གྱིས་གཙོས་སུད་སི་བོད་རིགས་ཚོགས་པ་དང་ལེཀ་ཊེན་སི་ཊིན་ Liechtenstein བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བློ་བཟང་ལགས་བཅས་ཀྱིས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་དང་བདེན་པའི་མེ་ལྕེར་ཕེབས་བསུ་ཞུས་པ་དང་སྦྲགས། བོད་རིགས་ཚོགས་པའི་ཚོགས་གཙོས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་རྗེས་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་སྐབས།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༦༢ གྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བ་དང་ཆབས་ཅིག་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པའི་དགོས་འདུན་ཁ་གཅིག་གྲག་ཐོག་བཏོན་ཡོད་སྐོར་སོགས་གསལ་བཤད་གནང་། ལྷག་པར་ཁོང་གིས་གསུང་དོན། ད་བར་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ ༢༣ གྱི་གྲོང་ཁྱེར་ཆེ་ཁག་ ༤༠ ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སྐབས། བོད་མི་གཙོ་བོར་གྱུར་བའི་ཕྱི་རྒྱལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་དང། གྲོང་ཁྱེར་སྤྱི་ཁྱབ་པ། དེ་བཞིན་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མི་མང་། སློབ་ཕྲུག་བཅས་ཀྱིས་ལས་འགུལ་དེར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པར་བརྟེན། འདས་པའི་ཟླ་བ་གཉིས་རིང་རྒྱང་ཐག་ཀི་ལོ་མི་ཊར་ ༡༥༠༠༠ ལྷག་སྐོར་བསྐྱོད་བྱས་ཀྱང་ལུས་སེམས་གཉིས་ལ་ངལ་དུབ་ཀྱི་དཀའ་ངལ་གང་ཡང་ཡོང་གི་མི་འདུག ང་རང་ལས་འགུལ་དེར་མཉམ་ཞུགས་བྱེད་ཐུབ་པར་བརྟེན་རང་ལ་སྤོབས་པ་བསྐྱེད་བྱུང་ཞེས་གསུངས།
ཕྱོགས་མཚུངས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ནང་འགོ་ནས་མཇུག་བར་མཉམ་ཞུགས་གནང་མཁན་སི་པེན་མི་རིགས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇ་ཝེར་ Javierལྟ་བུར་མཚོན་ན། ཁོང་གིས་ལས་འགུལ་དེར་རྒྱབ་སྐྱོར་གནང་ཆེད་རང་གི་ལས་ཀ་ནས་རྩ་དགོངས་ཞུས་ཏེ་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་དང་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་རླངས་འཁོར་དམར་པོ་ཆུང་ཆུང་ཞིག་བཏང་སྟེ་གོང་འཁོད་ཡུ་རོབ་ཀྱི་ས་གནས་ཚང་མའི་ནང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་ཡོད། དེ་ཡང་གྲོང་ཁྱེར་ཛུ་རིཀ་ཏུ་བདེན་པའི་མེ་ལྕེ་འབྱོར་སྐབས་སུད་སི་གྲོས་ཚོགས་ Swiss Parliament བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་མར་ཊིན་ནེབ་ Mr. Martin Näf མཆོག་དང། སུད་སི་བོད་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ། སུད་བོད་མཐུན་ཚོགས་ Tibetan Swiss Friendship Association ཀྱི་སྐུ་ཚབ་བཅས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད། ཕྱི་ཚེས་ ༣ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་སུད་སི་གྲོང་ཁྱེར་བྷ་རན་ Bern དང་དེ་ནས་སུད་སི་གྲོང་ཁྱེར་འཇི་ནི་ཝར་ Geneva རེས་གཟའ་ཉི་མའི་ཉིན་འབྱོར་རྒྱུ་ཡིན་འདུག བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་པའི་ཡུ་རོབ་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ཐོག་མ་སི་པེན་རྒྱལ་ས་བྷར་སི་ལོ་ན་Barcelona ནས་འགོ་བཙུགས་གནང་བ་ཞིག་ཡིན་འདུག་པ་བཅས།།