༢༠༡༢ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕ་རན་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་ཕ་རན་སི་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་མོན་ཊི་བྷེ་ལི་ཡ་ཌི་ Montbeliard ཞེས་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཨམ་ཕ་ར་ཝི་ལེ་ལ་མི་ཝོ་ཡི་ Amfreville la Mi Voie ཞེས་པས་བོད་ཀྱི་གྲོང་གསེབ་ཁ་མདའ་དང་ཕག་རི་གཉིས་གཅེས་སྐྱོང་གནང་རྒྱུར་ཁས་ལེན་གནང་རྗེས་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད། མཛད་སྒོའི་སྐབས་ཕ་རན་སིའི་གྲོང་སྡེ་ལས་ཁུངས་མོན་ཊི་བྷེ་ལི་ཡ་ཌི་ཡི་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ཧམ་བྷ་ཊི་མཆོག་ Mr. Humbert དང་། ཕ་རན་སི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། དེ་བཞིན་ས་གནས་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༥༠ ཙམ་མཉམ་ཞུགས་གནང་ཡོད། སྐུ་ཞབས་ཧམ་བྷ་ཊི་མཆོག་ནི་དེང་སྐབས་ཕ་རན་སིའི་གྲོས་ཚོགས་གོང་མའི་ (Tibet Group in French Senate) བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་མུས་ཡིན་འདུག ཁ་མདའ་ཞེས་པའི་བོད་ཀྱི་གྲོང་གསེབ་དེ་ནི་རི་བོ་ཇོ་མོ་གླང་མའི་ (Mount Everest) ཉེ་འདབས་སུ་ཆགས་ཡོད། མཛད་སྒོའི་སྐབས་ཐོག་མར་སྐུ་ཞབས་ཧམ་བྷ་ཊི་མཆོག་གིས་བོད་ཀྱི་ཐུན་མིན་རིག་གཞུང་རྣམས་དེང་སྐབས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་རྩ་མེད་འགྲོ་བཞིན་ཡོད་པར་བརྟེན། སྲུང་སྐྱོབ་བྱ་རྒྱུ་ཧང་གལ་ཆེན་པོ་ཆགས་ཡོད།
ཕྱོགས་མཚུངས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། བོད་མིའི་བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བ་ཞིག་ཡིན་སྟབས། ང་ཚོས་གང་ཐུབ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུང་པ་དང་སྦྲགས། ཕ་རན་སི་གྲོས་ཚོགས་གོང་མས་བོད་དོན་ཆེད་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད། དེ་རྗེས་ཕ་རན་སི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང། ཐེངས་འདིའི་མཛད་སྒོ་གོ་སྒྲིག་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པ། པ་སི་པོར་ཊི་ཏི་བྷ་ཏེན་ Passeport Tibetain ཞེས་པ་འདི་དང་ཕ་རན་སི་ཏི་བྷ་ཏི་Franc-Tibet ཕ་རན་སི་དང་བོད། ཅེས་ཕ་རན་སི་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཟུང་འབྲེལ་ཐོག་ནས་ཞུས་པ་ཡིན་འདུག
གཞན་ཡང་ཕྱི་ཚེས་ ༦ ཉིན་ཕ་རན་སིའི་གྲོང་ཁྱེར་ཨམ་ཕ་ར་ཝི་ལེ་ལ་མི་ཝོ་ཡི་ Amfreville la Mi Voie ཞེས་པའི་ནང་བོད་ཀྱི་གྲོང་གསེབ་ཕག་རི་ལ་གཅེས་སྐྱོང་གནང་རྒྱུའི་མཛད་སྒོ་ཞིག་ཚོགས་ཡོད། ཕག་རི་གྲོང་ལ་གཟིགས་རྟོག་གནང་རྒྱུའི་ལས་གཞི་དེ་ནི་ Tibet Normandie ཞེས་ཕ་རན་སིའི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག མཛད་སྒོའི་སྐབས་ཕ་རན་སིའི་རྒྱལ་ས་པེ་རི་སིར་གནས་སྡོད་བྱེད་བཞིན་པའི་ཕག་རི་བ་ཞིག་ཀྱང་ཕེབས་ཡོད། ད་བར་ཕ་རན་སིའི་རྒྱལ་ས་དང་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་སོགས་ཁྱོན་གྲངས་ ༥༦ གིས་འབད་བརྩོན་ཐོག་བོད་ནང་གི་གྲོང་གསེབ་ཁག་ལ་གཅེས་སྐྱོང་ཆེད་རོགས་རམ་འཚོལ་རྒྱུའི་ལས་གཞི་སྤེལ་ཡོད་པ་བཅས།།