༢༠༡༢ ཟླ་ ༩ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་འགོ་འཛུགས་ཀྱིས་ཚེས་ ༢༨ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད་ཅིང་། མཇུག་སྡོམ་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ཚོགས་བཅར་བ་རྣམ་པ་ཚང་མར་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་བསྐྱར་དུ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་སྔ་དྲོ་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་དེ་ཧ་ཅང་ཡག་པོ་བྱུང་སོང། དེ་བཞིན་མགོན་པོ་གང་ཉིད་མཆོག་ཀྱང་ཐུགས་དགྱེས་པོ་བྱུང་སོང་ཞུ་རྒྱུ་ཡིན། གང་ལ་ཞེ་ན། ཚོགས་གཙོ་སྦྲེལ་པོས་གཙོས་ཁྲིམས་ཞིབ་པ་ཆེ་བ་མཆོག་ང་ཚོ་ཕོ་བྲང་དུ་བཅར་སྐབས། བླ་ཆེན་རྣམ་པ་ཚོར་༸གོང་ས་མཆོག་གིས་དེ་རིང་བརྟན་བཞུགས་ཧ་ཅང་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཞེས་བཀའ་ཕེབས་སོང་། དེ་བཞིན་ད་རེས་ཚོགས་བཅར་བ་ལྷན་རྒྱས་ཚོས་དགོངས་འཇགས་ཧ་ཅང་ཡག་པོ་གསུངས་གནང་ཡོད། ད་ལྟ་ཕྱོགས་སྒྲིག་བྱས་པ་འདིའི་ནང་སྒྲིག་འཛུགས་དང་འཛིན་སྐྱོང་ཐོག་ནས་ལག་བསྟར་ཞུ་དགོས་པ་མང་པོ་འདུག ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ལག་བསྟར་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། ལོ་གཅིག་འཁོར་མཚམས་རྣམ་པ་ཚོར་ཡིག་ངག་གཉིས་ཐོག་ནས་ཏན་ཏན་སྙན་གསེང་ཞུ་རྒྱུ་ཡིན།
དེའི་ནང་ནས་གནད་དོན་ཁག་གཅིག་བཀའ་སྤྱི་གཉིས་ནས་གནང་དང་གནང་མུས་རེད། འོན་ཀྱང་ད་ལྟ་གནང་ཡོད་པ་དེའི་ཐོག་ཡར་རྒྱས་གཏོང་རྒྱུ་མང་དག་ཅིག་ཡོད་སྟབས། རྣམ་པ་ཚོའི་དགོངས་ཚུལ་གཞིར་བཞག་སྒོ་ནས་ཏན་ཏན་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱ་རྒྱུ་མང་དག་ཅིག་འདུག་ཅེས་ཞུ་རྒྱུ་ཡིན། གནད་དོན་འགའ་ཤས་ཤིག་ཞུས་ན། དཔེར་ན། རྒྱ་གར་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་རྒྱ་གར་གལ་ཆེན་པོ་ཡིན་པའི་གྲོས་ཆོད་བཞག་གནང་འདུག དེའི་ནང་ནས་ད་ལྟ་བར་དུ་ལོ་གཅིག་ལྷག་ཙམ་རིང་ལ་རྒྱ་གར་གཞུང་དང་འབྲེལ་ལམ་ཐོག་ནས་ཞུས་ན། སྔར་ལས་ལྷག་མེད་པ་ཡིན་ནའང་རྒྱ་གར་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྟངས་དང་། རྒྱབ་སྐྱོར། མཐུན་འགྱུར་གནང་སྟངས་ཧ་ཅང་ཡག་པོ་ཡོད། ཅེས་སྙན་གསེང་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ཐོག་ནས་དགོངས་ཚུལ་མང་དག་ཅིག་བཏོན་གནང་སོང། དེའི་ནང་ནས་ཁ་སེང་ཞུས་པ་ལྟར། གཞི་རྩའི་ཨ་རིས་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གལ་ཆེན་པོ་རེད། དེའི་ནང་ནས་རྣམ་པ་ཚོ་རེད། གྲོས་ཚོགས་དང་ཚོགས་ཆེན་འདིའི་ཐོག་ནས་ཨེ་ཤི་ཡ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་མང་པོ་གསུངས་ཡོད། ཁ་སེང་ངས་གྲོས་ཚོགས་ལ་ཞུས་པ་ཡིན། གཞི་རྩའི་ཨེ་ཤི་ཡ་ཧ་ཅང་གལ་ཆེན་པོ་རེད། ཨེ་ཤི་ཡའི་ནང་ང་ཚོས་འབད་བརྩོན་བྱེད་དགོས་པ་གསར་པ་ཧ་ཅང་མང་པོ་ཡོད། གནད་དོན་འགའ་ཞིག་ཐོག་ནས། དཔེར་ན། དགོངས་ཚུལ་གསུངས་པ་ལྟར། ཀོ་རི་ཡ་དང། ཝི་ཏི་ནམ། ཕི་ལི་པིནས་བཅས་གལ་ཆེན་པོ་རེད་ཅེས་གསུངས་པ་བཞིན་ངོས་འཛིན་ཞུ་གི་ཡོད། དེ་བཞིན་བཞུགས་སྒར་དུ་༸གོང་ས་མཆོག་གི་གསུང་ཆོས་སྐབས། ཝི་ཏི་ནམ་གྱིས་གཙོས་ལྷོ་ཤར་ཨེ་ཤི་ཡ་དང་དེའི་ཁོངས་གཏོགས་ནས་མང་དག་ཅིག་ཕེབས་ཀྱི་ཡོད། ཁོང་རང་ཚོར་ཆོས་རིག་ལས་ཁུངས་ནས་སྣེ་ལེན་ཞུ་རྒྱུའི་ལས་གཞི་འགོ་བཙུགས་ཡོད། ཅེས་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་ཞུ་རྒྱུར་ཨེ་ཤི་ཡ་དང་ཁ་ཆེའི་ལུང་པ་ཧ་ཅང་གལ་ཆེན་པོ་རེད་ལ་དེ་དག་ནང་འབད་བརྩོན་གནང་དགོས་ཀྱི་ཡོད། ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དེ་དག་སྔོན་ལྟར་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། དམིགས་བསལ་ཨ་རི་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ལ་ཞེ་ན། རྒྱ་ནག་གཞུང་ནས་ཨ་རིས་གང་ཞིག་བྱེད་ཀྱི་ཡོད་མེད་ཏན་ཏན་ལྟ་སྲུང་བྱེད་ཀྱི་ཡོད།
ད་ལྟ་ཡིན་རུང་ཨ་རི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཞིག་ཡིན། དེར་བརྟེན་ཁ་སེང་གྲོས་ཚོགས་ལ་ཞུས་པ་ལྟར། ང་ཚོའི་གྲོགས་པོ་རྙིང་པ་ཁག་གཅིག་གིས་དགོངས་ཚུལ་གསུངས་བྱུང་བ་རྣམས་གལ་ཆེན་པོ་མིན་ནམ་བསམས་བྱུང་། དེ་རྣམ་པ་ཚོར་སྙན་གསེང་ཞུས་ན། ཁོང་རང་ཚོས་ན་ནིང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པའི་རྗེས་བཙན་བྱོལ་སྤྱི་ཚོགས་ལ་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་ཡོད། ཆོས་སྲིད་ཐ་དད་དབྱེ་བའི་རྣམ་པ་ཆགས་ཡོད། དེར་རྒྱ་ནག་གཞུང་ནས་གོ་སྐབས་ཡོད་པའི་ཐོག་ནས་གནོན་ཤུགས་ཆེ་བ་ཡོང་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ཆབ་སྲིད་ཀྱི་འགན་འཁྱེར་མཁན་གྱི་གྲོགས་པོ་རྙིང་པ་ཚོ་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ལ་ཡོད་པ་ཚོར་མཐུན་སྒྲིལ་སྔར་ལྷག་བཟང་བ་དང་གཏན་དུ་གཏོང་རྒྱུའི་ཧ་ཅང་གལ་ཆེན་པོ་རེད། ཆབ་སྲིད་ཅེས་པ་དེ་མཐའ་མ་མི་དང་མིའི་བར་གྱི་འབྲེལ་ལམ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་བརྟེན། ཁྱེད་རང་ཚོ་མི་གསར་པ་ཕེབས་སྐབས། བོད་དོན་ལ་རྒྱབ་སྐྱོར་དང་ཤ་ཚ་བྱེད་མཁན་གྱི་མི་མང་པོ་ཞིག་ཡོད། འོན་ཀྱང་ཁོང་རང་ཚོར་རྒྱ་ནག་གཞུང་ནས་གནོན་ཤུགས་ཆེན་པོ་བཏང་རྐྱེན་ཁོང་རང་ཚོའི་ཐོག་ནས་དུས་རྒྱུན་ལྟར། ༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་ཁོང་རང་ཚོས་གནང་བའི་ཐོག་དེ་ནས་རྡ་སར་ཡོད་པའི་སྒྲིག་འཛུགས་ལ་ཐག་རིང་ཙམ་སྡོད་རྒྱུའི་ཉེན་ཁ་ཡོང་གི་རེད། གང་ལྟར། མི་ཡིན་པའི་ཆ་ནས་རྒྱ་ནག་གཞུང་གི་གཞུང་ཚབ་ནས་ཁ་པར་སོགས་འབྱོར་ནས་བསུན་པོ་བཟོས་ན། དེ་སུན་པོ་འདུག ངའི་ངོས་ནས་༸གོང་ས་མཆོག་ལ་དད་གུས་ཞུ་རྒྱུས་མཚོན་སྤྱི་ཡོངས་བོད་དོན་ཐོག་རྒྱབ་སྐྱོར་ཡོད། འོན་ཀྱང་རྡ་སར་ཡོད་པའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་བ་བྱ་རྒྱུ་འཐེན་ཙམ་བྱས་ན། ཁོང་རང་སྒེར་ཐོག་ནས་སྟབས་བདེ་བ་ཡོང་སྲིད།
དེར་བརྟེན་ཡོང་རྒྱུའི་ལོ་གཉིས་གསུམ་བཞི་ནང་། ཁྱེད་རང་ཚོ་ཆབ་སྲིད་ཐོག་ནས་འགན་འཁྱེར་མཁན་ཚོས་གྲོགས་པོ་རྙིང་པ་ཚོ་ཡིན་གཅིག་མིན་གཅིག་མཇལ་འཕྲད་དང་མཐུན་སྒྲིལ་གཏན་དུ་གཏོང་དགོས་ཀྱི་རེད། དེ་ལྟར་མི་གནང་ཚེ་ལོ་གཉིས་གསུམ་ནང་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེ་རུ་ཕྱིན་ན། རྡ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་གྲོགས་པ་རྙིང་པོ་ཚོའི་དབར་ཐག་རིང་དུ་འགྲོ་སྲིད། དེར་བརྟེན་གོ་སྐབས་བརླག་རྒྱུ་མེད་ཅེས་གསུང་གི་འདུག་པས། གང་ཙམ་ཞིག་བདེན་པ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་བར་དུ་བཀའ་སྤྱི་གཉིས་ནས་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ནང་གི་གྲོགས་པོ་རྙིང་པ་ཚོ་གང་མང་མཇལ་འཕྲད་ཞུ་རྒྱུ་དང་སྔོན་མ་ཡོད་པའི་མཐུན་སྒྲིལ་དེ་གང་ཐུབ་ཀྱིས་གཏན་དུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ཅེས་ཞུ་རྒྱུ་ཡིན། དེ་བཞིན་ཨེ་ཤི་ཡའི་ནང་ཆོས་རིག་བཀའ་བློན་དང་ཕྱི་དྲིལ་བཀའ་བློན་གྱིས་གཙོས་ཁོང་རྣམ་པ་མང་པོ་ཕེབས་ཡོད། མ་འོངས་པར་ཡིན་རུང་ང་ཚོའི་ངོས་ནས་གང་མང་བཅར་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། ང་རང་ཡིན་རུང་སྔོན་མ་ནས་ཨེ་ཤི་ཡ་གལ་ཆེན་པོ་རྩིས་ཀྱི་ཡོད། དེར་བརྟེན་ཨིན་ཌོ་ནི་ཤི་ཡ་དང་ཕི་ལི་པིན། མ་ལི་ཤི་ཡ། སིངྒ་པུར། ལྷོ་ཀོ་རི་ཡ་བཅས་ཀྱི་རྒྱལ་ཁབ་ནང་ཚར་གཅིག་གཉིས་གསུམ་དེ་འདྲ་བཅར་མྱོང་ཡོད། འོན་ཀྱང་གྲོགས་པོ་གསར་པ་བཟོ་རྒྱུ་གལ་ཆེན་པོ་རེད་ལ་ད་ལྟ་ཡོད་མུས་ཡིན་པའི་གྲོགས་པོ་རྙིང་པ་དེ་དག་གི་འབྲེལ་ལམ་ཡང་གཏན་དུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག དེ་དང་འབྲེལ་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་མང་པོ་ཞིག་གསུངས་འདུག་པ་ལྟར་དངོས་ཡོད་རེད། དེའི་ཐོག་ཏན་ཏན་ཡར་རྒྱས་གཏོང་དགོས་པ་ཡོད་ཅེས་ཞུ་རྒྱུ་ཡིན། ད་ལྟ་ཡིན་ནའང་སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་དེང་དུས་བོད་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་བོད་མིའི་སྒྲིག་འཛུགས་ཐོག་ནས་གསར་འགོད་གསལ་བསྒྲགས་གང་ཞིག་གནང་བ་ཡིན་རུང། གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཐོན་རྒྱུར་གང་ཙམ་ཡར་རྒྱས་ཕྱིན་ཡོད། ཅེས་ཞུ་རྒྱུ་ཡིན། འོན་ཀྱང་དེའི་ཐོག་ད་དུང་ཡིན་རུང་ཡར་རྒྱས་གཏོང་དགོས་པ་ཡོད། ད་ལྟའི་ཆར་ཁ་སེང་ཁ་ཉིན་རང་རེད། (Al jazeera) དང་(Times Magazine)སྙན་གྲགས་ཆེ་བའི་ཚགས་ཤོག་དང་བརྙན་འཕྲིན་ཁག་གིས་(Interview)དྲི་བ་དང་དོ་སྣང་བྱེད་སྟངས་ལ་བལྟས་ན། དམིགས་བསལ་ཚོགས་ཆེན་ཐོག་ལ་ཡིན་རུང་ཁོང་རང་ཚོས་ཧ་ཅང་དོ་སྣང་ཆེན་པོ་གནང་གི་འདུག
དེ་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་བའི་གནད་དོན་ལ་དམིགས་བསལ་ཚོགས་ཆེན་ཐོག་ནས་ཡིན་རུང་དགོངས་སེལ་ཞུ་རྒྱུའི་གྲོས་ཆོད་བཞག་ཡོད། དེའི་ཐོག་ནས་ཁ་སེང་ཞུས་པ་ཡིན། ཡང་བསྐྱར་ཁ་གསལ་ཙམ་ཞུས་ན། ༸གོང་ས་མཆོག་ཐུགས་ཕམ་ཡོང་དགོས་དོན་ནི། མི་ཉུང་ཤས་ཤིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཐ་སྙད་འདི་བརྗེ་པོ་བརྒྱབ་ནས་ལོ་གཅིག་ལྷག་ཙམ་འགྲོ་གི་ཡོད། འོན་ཀྱང་ད་དུང་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཐ་སྙད་འགྱུར་བ་ཕྱིན་པར་བརྟེན་ནས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་དང་རྒྱབ་སྐྱོར། ངོས་ལེན་མེད། བོད་ནང་ཡོད་པའི་བོད་མིར་མ་གཏོགས་རེ་བ་བྱ་རྒྱུ་མེད། ཅེས་གསུང་མཁན་དེ་དག་ཐབས་སྐྱོ་པོ་རེད། ཅེས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་དྲུག་ཅུ་ལྷག་ཙམ་སྐུ་ལས་བསྐྱོན་པའི་བོད་མིའི་སྒྲིག་འཛུགས་འདི་ཕྱིར་བསྡུ་བྱས་པ་རེད་ཅེས་གསུང་སྐབས། དེ་དག་བདེན་པ་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ལ་ཞེ་ན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་གཟིགས་པ་ཡིན་ནའང་འདྲ། རྒྱལ་སྤྱིའི་ཁག་ལ་འབྲེལ་བ་བྱེད་པར་ཕྱིན་ནའང་འདྲ། རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཡིན་ནའང་དེང་དུས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་བྱེད་ཀྱི་ཡོད་པ་གསལ་པོ་རེད། ཡིན་བཞིན་དུ་ད་དུང་ཡིན་རུང་ངོས་ལེན་བྱེད་ཀྱི་མེད། ཅེས་པའི་དགོངས་ཚུལ་ཡོད་པ་ཉུང་ཤས་ཤིག་རེད། དེ་དག་ལ་བརྟེན་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་བ་ཞིག་རེད་མ་གཏོགས་རང་བཙན་དང་དབུ་མའི་ལམ་གྱི་གནད་དོན་མ་རེད། ཅེས་ཞུ་རྒྱུ་ཡིན།
དེར་བརྟེན་སྤྱི་ཚོགས་ནང་གོ་རྒྱུར་རང་བཙན་དང་དབུ་མའི་ལམ་གྱི་བགྲོ་གླེང་ཡོང་དགོས་ཀྱི་རེད། འོན་ཀྱང་དེའི་བར་ལ་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་གོ་རྒྱུ་འདུག རྣམ་པ་ཚོ་ཕྱོགས་མཐའ་ཁག་ལ་ཕེབས་སྐབས། གནད་དོན་དེ་དག་མི་ཡོང་རྒྱུའི་འབད་བརྩོན་གནང་རོགས། ཞེས་ཞུ་རྒྱུ་ཡིན། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཡིན་པ་དེ་གཞིར་བཞག་སྒོ་ནས་རྒྱ་བོད་འབྲེལ་མོལ་ཐོག་ལ་ཡིན་རུང་ཁ་སེང་ཞུས་པ་ལྟར། ང་ཚོའི་ངོས་ནས་འབད་བརྩོན་ཞུས་དང་ཞུ་མུས་ཡིན། དམིགས་བསལ་སྐུ་ཚབ་བསྐོ་གཞག་བྱ་རྒྱུ་ཡིན་རུང་བསམ་བློ་བཏང་དང་གཏོང་མུས་ཡིན། ཞེས་ཞུ་རྒྱུ་ཡིན། དེ་ནས་ད་ལྟ་དམིགས་བསལ་ཚོགས་ཆེན་གྱི་ཡིག་ཆ་འདིའི་ནང་འདུག གང་ལ་ཞེ་ན། རྒྱ་ནག་གཞུང་ནས་ང་ཚོའི་སྤྱི་ཚོགས་ནང་དཀྲོག་གཏམ་བརྗོད་ན་འདྲ། དེ་དག་སྤེལ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་ཚུར་འཐེན་ཆེད་ང་ཚོས་ལས་ཁུངས་འཛུགས་དགོས་པ་དང་། འགྲོ་སོང་བཏང་སྟེ་འབད་བརྩོན་བྱེད་དགོས་ཀྱི་འདུག ཅེས་གསལ་པོ་བཀོད་འདུག དེར་བརྟེན་རྒྱ་ནག་གཞུང་ནས་ཕྱར་གྲུ་མཉམ་འདེགས་དང་རྡོག་རྩ་ཆིག་སྒྲིལ་ཡོད་པའི་ང་ཚོའི་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་རྒྱུའི་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་འདི་གར་ཕེབས་མཁན་ཚོ་དུས་རྟག་ཏུ་སྤྱི་ཚོགས་ནང་འགན་དང་འགོ་ཁྲིད་མཁན་ཡིན་སྟབས། དེ་དག་ལ་ཡིན་གཅིག་མིན་གཅིག་གཟབ་གཟབ་དང་དོ་སྣང་ཤུགས་ཆེ་ཙམ་གནང་རོགས། ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས་བལྟས་ན། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་རྗེས་བོད་མིའི་སྤྱི་ཚོགས་སྤྱི་ཡོངས་ནང་ལྷིང་འཇགས་པོ་དང་རྡོག་རྩ་ཆིག་སྒྲིལ་ཤུགས་ཆེ་ཆགས་སྐབས། རྒྱ་ནག་གཞུང་ལ་དྭངས་སྐྲག་ཡོད་རྐྱེན་དེ་ལྟར་འབད་བརྩོན་བྱེད་ཀྱི་ཡོད་པ་ལྟ་བུ་འདུག དེ་ལྟར་འབད་བརྩོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཡོད་པ་དེ་དག་ཐུགས་ལ་ཞོག་རོགས་གནང་ཞུ་རྒྱུ་ཡིན།
མཐའ་དོན། རྣམ་པ་ཚོ་ས་ཐག་རིང་པོ་ནས་ཕེེབས་པར་བརྟེན་ཏན་ཏན་སྐུ་ངལ་བྱུང་ཡོད། འོན་ཀྱང་དཀའ་ངལ་ལ་མ་འཛེམ་པའི་ཐོག་ནས་ད་རེས་བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་སྐོང་བའི་ཐོག་རྣམ་པ་ཚོས་ཆེད་དུ་མངགས་ནས་ཕེབས་པར་དམིགས་བསལ་བསྔགས་བརྗོད་ཞུ་རྒྱུ་ཡིན། གང་ལ་ཞེ་ན། ད་ལྟ་བོད་ནང་ཛ་དྲག་གནས་སྟངས་དེ་འདྲ་ཞིག་ཡོད་པའི་སྐབས་ལ་ཚོགས་ཆེན་འདི་གལ་ཆེན་པོ་རེད། ང་ཚོ་བཅར་དགོས་ཀྱི་འདུག་ཅེས་ལྷག་བསམ་རྣམ་དག་ཐོག་རྣམ་པ་ཚོས་ས་ཐག་རིང་པོ་ནས་སྐུ་ལས་བསྐྱོན་ཏེ་འདི་གར་ཕེབས་ཡོད། ཕེབས་པར་བརྟེན་ནས་ཏན་ཏན་རྒྱ་ནག་གཞུང་ལ་ཡིན་རུང་བརྡ་ལན་གསལ་པོ་ཞིག་འགྲོ་ཡོད་པ་རེད་བསམས་ཀྱི་འདུག ག་རེ་འགྲོ་ཡོད་པ་རེད་ཅེ་ན། བོད་ནང་ལ་མཁྲེགས་འཛིན་གྱི་སྲིད་བྱུས་དེ་གནས་ཐུབ་ཀྱི་མ་རེད། བོད་ནང་དུ་ཡོད་པའི་བོད་མི་ཚོས་སྐུ་ལས་བསྐྱོན་ཡོད་པ་དེ་དག་ལ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་གི་རེད། དམིགས་བསལ་ང་ཚོ་རྡོག་རྩ་ཆིག་སྒྲིལ་ཡིན་པ་དེ་གསལ་སྟོན་ཐུབ་ཡོད་པ་རེད་བསམས་ཀྱི་འདུག དེའི་ནང་ནས་བོད་ནང་རང་ལུས་མེར་སྲེག་དང་དེ་བཞིན་ངོ་རྒོལ་བྱེད་མཁན་མང་པོ་ཞིག་ཐོན་ཡོང་སྐབས། དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་ཉིད་ཀྱི་ལུས་སྲོག་བློས་གཏོང་གནང་གི་ཡོད། དེ་དག་གཏོང་དགོས་པའི་རྐྱེན་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་རེད། ཅེས་ཏན་ཏན་ང་ཚོས་བརྡ་ལན་གསལ་པོ་ཞིག་གཏོང་ཐུབ་ཡོད་བསམས་ཀྱི་འདུག དེ་བཞིན་བོད་ནང་ཡོད་པའི་བོད་མི་ཚོས་གཟིགས་སྐབས། བོད་ནང་གི་བོད་མི་ཚོས་སྐུ་ལས་དེ་འདྲ་ཞིག་བསྐྱོན་གྱི་ཡོད། དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་ཉིད་ཀྱི་ལུས་སྲོག་བློས་གཏོང་གནང་གི་ཡོད། འོན་ཀྱང་བཙན་བྱོལ་དུ་ཡོད་པའི་བོད་མི་རྒྱལ་ཁབ་ཁག་ ༢༦ ནས་འདི་གར་འདུ་འཛོམས་ཏེ་ཉིན་བཞི་རིང་གྲོས་བསྡུར་དང་འཆར་གཞི་བཏིང་བའི་ཐོག་ནས་ང་ཚོས་ཁོང་ཚོར་རྒྱབ་སྐྱོར་དང་མུ་མཐུད་ནས་ལས་འགུལ་སྤེལ་གྱི་ཡིན། དེར་བརྟེན་ཁོང་རང་ཚོ་ཡིན་རུང་སེམས་ཤུགས་དང་སྙིང་སྟོབས་ཡོད་པ་རྣམས་ཤུགས་ཆེ་རུ་འགྲོ་རྒྱུ་ཏན་ཏན་ང་ཚོས་བརྡ་ལན་ཡག་པོ་ཞིག་གཏོང་ཐུབ་ཡོད་བསམས་ཀྱི་འདུག དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཡིན་རུང་བོད་ནང་ཛ་དྲག་གི་གནས་ཚུལ་ཆགས་སྐབས། བཙན་བྱོལ་དུ་ཡོད་པའི་བོད་མིའི་ཚོས་གང་འདྲ་ཞིག་བྱས་ཡོང་ངམ་སྙམ་ཡོད་སྲིད། ཁ་སེང་གཞུང་ཚབ་ཁག་གི་མི་ཁག་གཅིག་མཇལ་བྱུང་། ཁོང་རང་ཚོ་ཚང་མས་དངོས་གནས་དགའ་བསུ་ཞུ་གི་འདུག འདི་གར་ཕེབས་ཏེ་རྣམ་པ་ཚོས་ཚོགས་འདུ་འདི་འདྲ་ཞིག་དང་གོ་བསྡུར་འདི་འདྲ་གནང་གི་ཡོད་པ་ཧ་ཅང་ཡག་པོ་རེད། ཅེས་བསྔགས་བརྗོད་གནང་གི་འདུག དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་པའི་ཐོག་ནས་ཏན་ཏན་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་དང་སྐུ་ལས་བསྐྱོན་གྱི་འདུག
ད་དུང་མུ་མཐུད་ནས་སྐུ་ལས་བསྐྱོན་ས་རེད། ཅེས་པའི་བརྡ་ལན་གསལ་པོ་གཏོང་ཐུབ་ཡོད། དེར་བརྟེན་གང་ཅིའི་ཐོག་ནས་བལྟས་ཀྱང་དམིགས་བསལ་ཚོགས་ཆེན་འདི་ཡག་པོ་བྱུང་སོང་ལ་གྲ་སྒྲིག་ཀྱང་ཡག་པོ་བྱུང་འདུག དགོངས་ཚུལ་ཧ་ཅང་ཡག་པོ་གསུངས་འདུག དེའི་ཐོག་ལ་བཀའ་ཤག་ནས་གནང་དགོས་རྒྱུ་དེ་དག་གང་ཐུབ་ཅི་ཐུབ་ཞུ་གི་ཡིན། དེ་བཞིན་གང་ཐུབ་ཞུས་པ་དེ་དག་མ་འོངས་པར་རིམ་བཞིན་རྣམ་པ་ཚོར་སྙན་གསེང་ཞུ་གི་ཡིན། གནང་མི་ཐུབ་པ་དེ་དག་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་ཐུབ་མ་སོང་ཞེས་རིམ་བཞིན་སྙན་གསེང་ཞུ་རྒྱུ་ཡིན། མཐའ་དོན་རྣམ་པ་ཚོ་དེ་རིང་འདིར་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད།