༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་༸ཞབས་སོར་འཁོད་སྐབས་སློབ་ཕྲུག་ཚོས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་རྡ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས། སློབ་གྲྭ་དེའི་སློབ་སྤྱི་འབྲུག་ཚེ་རིང་ལགས་བཅས་ཀྱིས་ཕེབས་བསུ་སྔོན་བསུས་ཏེ་སློབ་གྲྭའི་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་ཞབས་སྟེགས་སུ་༸ཞབས་སོར་འཁོད་པ་དང་སློབ་གྲྭ་དེའི་གོང་གསལ་སློབ་སྤྱིས་དཀར་གཙང་མཇལ་དར་རྐྱང་འབུལ་གྱིས་ཕེབས་བསུའི་འཚམས་འདྲི་ཞུས་རྗེས་མཛད་རིམ་དང་པོར་༸གོང་ས་མཆོག་དབུ་བཞུགས་ཐོག་དགེ་ལས་སློབ་ཕྲུག་ཡོངས་སུ་རྫོགས་པས་སྐར་མ་གཅིག་རིང་བྱང་ཆུབ་ཀྱི་སེམས་བསྒོམས། དེ་ནས་སློབ་གྲྭ་དེའི་སློབ་སྤྱིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་། ཕྱི་ལོ་ ༢༠༠༤ ལོའི་རྒྱལ་བའི་འཁྲུངས་སྐར་དུས་ཆེན་གྱི་སྐལ་བཟང་ཚེས་བཟང་ཉིན་སློབ་གྲྭ་འདི་ཐོག་མར་འགོ་འཛུགས་ཐུབ་པ་བྱུང་བ་དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྐྱེད་སྨོན་ལམ་དང་། སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག སྤྱི་ཁྱབ་ཡིག་ཚང་གི་མཛད་གཙོ་རྣམ་པ་ཚང་མས་འབད་བརྩོན་གནང་བར་བརྟེན་འགོ་འཛུགས་ཐུབ་པ་བྱུང་ཡོད། སྐབས་དེར་སློབ་ཕྲུག་གྲངས་ ༡༩༡ ཡོད་ལ། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་ཡོད་པ་ནས་འགོ་བཙུགས་ཏེ་ད་ལྟའི་ཆར་འཛིན་རིམ་ ༡༢ བར་ཡོད་པར་སློབ་ཕྲུག་གྲངས་ ༣༩༨ དང་དགེ་ལས་ ༥༡ བཅས་ཡོད། སློབ་གྲྭ་འདིའི་ཚན་རིག་སློབ་ཕྲུག་རྣམས་ཀྱིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་བོད་སློབ་ནང་ནས་དྲག་གྲས་སུ་སླེབས་ཡོད། སྔ་ལོ་སློབ་ཕྲུག་ ༦༠ ཐོན་པ་ཚང་མར་བརྒྱ་ཆ་ཨང་རིམ་དང་པོ་སོན་པ་ཤ་སྟག་ཡིན། ཞེས་དང་དེ་བཞིན་སློབ་གྲྭ་འདི་ནས་ཐོན་པའི་སློབ་ཕྲུག་མང་པོ་ཞིག་ཕྱི་རྒྱལ་ཡར་ཐོན་ཅན་གྱི་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་པར་བསྐྱོད་ཐུབ་མཁན་མང་པོ་བྱུང་ཡོད་པ་རྣམས་རེ་རེ་བཞིན་སྙན་སྒྲོན་ཞུས་སྐབས། ༸གོང་ས་མཆོག་གིས་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་གསན་གཟིགས་མཛད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཧ་ཅང་ཐུགས་བརྩེ་ཆེན་པོས་སྩལ་བའི་ནང་། ངོས་རང་འདིར་ཁྱུག་ཙམ་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སློབ་སྤྱིས་ལས་བསྡོམས་འདི་ཕྱོགས་གཅིག་ནས་ཡི་གེ་ཀློག་པ་ལྟ་བུ་མིན་པར། རང་ཉིད་དངོས་སུ་ལས་དོན་ཁག་ལ་བཞུགས་ཏེ་ལས་ཀ་བྱས་པར་སོང་། རྒྱུས་ཆ་ཚང་ཡོད་པའི་ཐོག་ནས་ལས་བསྡོམས་བཤད་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། གལ་ཆེ་བར་ང་ཚོས་མི་ཚེ་སྐྱེལ་རྒྱུར་ཁོར་ཡུག་དང་འབྲེལ་བ་ཡོད། དངོས་སུ་ས་གཞིར་བབས་ནས་སྤྱི་ཚོགས་སུ་ཞབས་འདེགས་བསྒྲུབ་རྒྱུ་ནི་ལས་ཁུངས་ནང་བསྡད་དེ་ཡི་གེ་བྲིས་པ་གཅིག་པུ་མིན་པར། སོ་སོ་རང་ཉིད་ཀྱིས་ལག་པ་བེད་སྤྱོད་བྱས་ཏེ་སྒེར་དང་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་རྒྱུ་ནི་གལ་ཆེན་པོ་ཡིན། དེར་བརྟེན་ཡག་པོ་ཞེ་དྲག་བྱུང་འདུག་ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་ཡོད། དེ་རྗེས་འཛིན་རིམ་དགུ་པ་དང་བཅུ་པ་བར་གྱི་སློབ་ཕྲུག་ཁག་གཅིག་གིས་ཚན་རིག་བརྗོད་གཞིར་བཟུང་སྟེ་རིགས་པའི་ལམ་ནས་རྟགས་གསལ་གཟིགས་འབུལ་ཞུས་པར་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཡོད། མཛད་རིམ་གྱི་མཐའ་མར་རི་མོའི་དགེ་རྒན་དང་སློབ་ཕྲུག་གིས་བྲིས་པའི་པོ་ཏ་ལ་དང་གཡག་གི་དཔེ་རིས། དེ་བཞིན་སྐུ་ཐང་བཅས་འབུལ་ལམ་ཞུས་ཏེ་ཉིན་འདིའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་དེ་ཉིན་བཞུགས་ཞག་མཛད་ཡུལ་བདེ་སྐྱིད་གླིང་དུ་ཡོད་པའི་ས་སྐྱ་རིན་ཆེན་གླིང་ཨ་ནིའི་དགོན་པར་ཆིབས་ཞལ་བསྒྱུར་བ་བཅས།།