༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱི་ལོ་གཅིག་གི་ལོ་འཁོར་ལས་དོན་ངོ་སྤྲོད་གནང་དོན། བཀའ་ཤག་གསར་པས་ཕྱག་ལས་གནང་སྟེ་ལོ་གཅིག་འཁོར་བའི་སྐབས་དེར་ངས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་དེ་རིང་གོ་སྐབས་འདི་བརྒྱུད་ཕྱི་དྲིལ་ལས་ཁུངས་ཀྱི་ལོ་གཅིག་རིང་ཕྱག་ལས་གང་དང་གང་གནང་བའི་སྐོར་ལ་ཚིགས་ཁ་ཤས་ཤིག་ཞུ་གི་ཡིན། ཕྱི་དྲིལ་ལས་ཁུངས་ཀྱི་གནད་དོན་གཙོ་བོ་གཅིག་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ལ་བལྟས་ཏེ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གང་ཐུབ་རག་ཐབས་གནང་རྒྱུའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད། དེའི་ནང་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གི་ལས་འགན་དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། དམིགས་དོན་དེ་སྒྲུབ་ཆེད་ཕྱི་དྲིལ་ལས་ཁུངས་ནང་ཚན་པ་མང་པོ་ཞིག་ཡོད་པ་མ་ཟད། དེའི་ནང་ནས་གཙོ་བོ་སྒྲ་བརྙན་ཚན་པ་དང་། བོད་ཡིག་ཚན་པ། དབྱིན་ཇི་ཚན་པ། རྒྱ་ཡིག་ཚན་པ། ཁོར་ཡུག་ཚན་པ། ཀམ་པུའུ་ཊར་ཚན་པ། འགྲེམས་སྟོན་ཁང། བོད་དོན་རྒྱབ་སྐྱོར་ཚན་པ། འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་རྒྱལ་ཚོགས་ཚན་པ། སྣང་ཐང་པར་ཁང་ཚན་པ་བཅས་ཡོད། ཚན་པ་དེ་དག་ནས་འབྲེལ་ཡོད་ལས་བྱེད་ཚོས་ཉིན་རེའི་ལས་དོན་འཐུས་ཤོར་མ་འགྲོ་བར་གནང་དང་གནང་བཞིན་ཡོད།
ཕྱི་འབྲེལ་གྱི་འབྲེལ་བའི་ཐོག་ནས་ཚིག་འགའ་ཤས་ཞུས་ན། འདི་ལོ་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྟབས། རྒྱལ་ཁབ་ཁག་མང་པོ་ཞིག་གི་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་མང་པོ་བཞག་ཡོད་པ་དེ་དག་ང་ཚོའི་དྲྭ་རྒྱའི་ཐོག་བཀོད་ཡོད་པས་ལྷན་རྒྱས་ཚོས་གཟིགས་ཐུབ་ཡོད་ངེས་རེད། དེའི་ནང་ནས་ཨ་རིའི་གྲོས་ཚོགས་གོང་མ་དང་ཡུ་རོབ་གྲོས་ཚོགས་ནང་བཞག་པའི་གྲོས་ཆོད་གཉིས་དེ་ང་ཚོའི་གྲུབ་འབྲས་གཙོ་བོར་རྩི་བཞིན་ཡོད། ཡུ་རོབ་གྲོས་ཚོགས་ནང་གྲོས་ཆོད་བཞག་ཐུབ་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོ་མཇུག་དང་ཕྱི་ལོ་ ༢༠༡༢ ལོར་གྲོས་ཆོད་གཉིས་པ་ཞིག་བཞག་ཐུབ་ཡོད། ང་ཚོ་ཕྱི་འབྲེལ་ཐོག་ནས་རྒྱལ་ཁབ་མང་པོ་ཞིག་ལ་འབྲེལ་བ་ཞུ་སའི་བརྒྱུད་ལམ་གཙོ་བོ་ཞིག་ང་ཚོའི་དོན་གཅོད་ཁག་ཆགས་ཡོད། དོན་གཅོད་ཁག་གིས་ས་གནས་སུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པར་འབྲེལ་བ་གནང་མཁན་ཞིག་ཆགས་ཡོད། ང་ཚོའི་ངོས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་གལ་ཆེན་པོ་བརྩི་གི་ཡོད། ད་ལྟའི་གནས་སྟངས་ལ་བལྟས་ན། རྒྱལ་ཁབ་ལྔ་བཅུ་ལྔ་བདུན་ཙམ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གནས་ཡོད།
ད་ལོ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཨི་ཤེ་ཡ་དང་ཡུ་རོབ་ཀྱི་ཚོགས་འདུའི་ཐོག་བཅར་རྒྱུའི་གོ་སྐབས་བྱུང་། དེ་བཞིན་ཕྱི་ལོ་ ༢༠༡༢ པའི་ལོ་མཇུག་བསྐྱར་དུ་འཛོམས་རྒྱུའི་འཆར་གཞི་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་སྐོར་ལ་ཞུས་ན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་འཇི་ནི་ཝའི་དོན་གཅོད་ཀྱིས་ལས་འགན་གཙོ་བོ་བཞེས་ཡོད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་འདུ་ལོ་གཅིག་ནང་ཐེངས་གསུམ་དང་། ཚོགས་དུས་ཐེངས་རེར་འབྲེལ་ཡོད་ལས་བྱེད་རྣམ་པ་ཚོ་དང་འཇི་ནི་ཝའི་དོན་གཅོད་ཚང་མས་ཧུར་ཐག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཞབས་ཞུ་འབད་བརྩོན་གནང་དང་གནང་བཞིན་པ་རེད། དེ་བཞིན་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ཀྱི། དབྱིན་ཡིག་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་བ་ཞུ་རྒྱུ་དེ་རང་བཞིན་གྱིས་གལ་ཆེན་པོ་ཞིག་ཆགས་ཡོད།
ང་ཚོའི་གསར་འགོད་འབྲེལ་མཐུད་པ་ཚོའི་ལས་འགན་གཙོ་བོ་དེ་གསར་འགྱུར་བརྒྱུད་ལམ་ཁག་གི་ཚུར་འབྲེལ་བ་གནང་མཁན་ཚོར་གང་ཐུབ་ཅི་ཐུབ་ཀྱིས་རྒྱུན་དུ་སྣེ་ལེན་དང་མཐུན་རྐྱེན་ཞུ་རྒྱུའི་ལས་འགན་གཙོ་བོ་ཞིག་དང་། དེ་མིན་ང་ཚོའི་ངོས་ནས་ཕར་འབྲེལ་བ་ཞུ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། དཔེར་ན་སྔོན་ལོ་བཀའ་བློན་ཁྲི་པ་དམ་འབུལ་སྐབས་གསར་འགོད་པ་དགུ་བཅུ་གོ་ལྔ་ལྷག་ཙམ་རྡ་སར་ཕེབས་ཡོད་པ་ཚོར་ང་ཚོས་སྣེ་ལེན་ཞུས་ཡོད། དེ་བཞིན་ད་ལོ་དུས་འཁོར་དབང་ཆེན་སྐབས་རྒྱལ་ཁབ་ཉི་ཤུ་རྩ་གཉིས་ཀྱི་གསར་འགོད་པ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལྷག་ཙམ་ལ་སྣེ་ལེན་དང་མཐུན་རྐྱེན་གང་ཐུབ་ཞུས་ཡོད། དབྱིན་ཇིའི་སྡེ་ཚན་དེ་གལ་ཆེན་པོ་ཡིན་པ་ཚང་མས་མཁྱེན་གསལ་རེད། དེ་བཞིན་ང་ཚོའི་ངོས་ནས་བོད་ཡིག་དང་རྒྱ་ཡིག་ཚན་པ་དེ་ཡང་གལ་ཆེན་པོ་བརྩི་གི་ཡོད། བོད་ཡིག་ཚན་པས་ཤེས་བྱ་དུས་དེབ་དང་རང་དབང་གསར་ཤོག དྲྭ་རྒྱའི་ཐོག་ནས་གནས་ཚུལ་གང་མང་བཀོད་དང་འགོད་བཞིན་པ་རེད། ཚད་དང་ལྡན་པ་ཞིག་བཀོད་དང་འགོད་མུས་ལ་བརྟེན་བོད་སྐད་ཐོག་ནས་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་རྡ་ས་དང་བོད་ནང་གི་གནས་སྟངས་དང་འབྲེལ་བ་ཡོད་པའི་གནས་ཚུལ་མཁྱེན་རྟོགས་ཡོང་ས་གཙོ་བོ་ཞིག་ཆགས་ཡོད། རྒྱ་ཡིག་ཚན་པའི་སྐོར་ལ་ཞུས་ན། བོད་ཀྱི་དཀའ་ངལ་སེལ་ཆེད་རྒྱ་མི་རིགས་སམ་རྒྱ་གཞུང་ཡིན་ནའང་འབྲེལ་བ་མ་བྱས་རང་བྱེད་ཞིག་ཆགས་ཀྱི་ཡོད། རྒྱ་ཡིག་ཚན་པས་དེའི་ཐོག་ལས་འགན་བཞེས་ཏེ་ཨོ་སི་ཊོ་ལི་ཡ་དང་ནིའུ་ཡོཀ ཡུ་རོབ་རྒྱལ་ཁབ་དེ་བཞིན་ཐེ་ཝན་དོན་གཅོད་ཀྱིས་ཀྱང་འབད་བརྩོན་གནང་གི་ཡོད། ང་ཚོས་རྒྱ་མིའི་སྤྱི་ཚོགས་ལ་འབྲེལ་བ་བྱེད་སྐབས། བོད་ནང་གི་གནས་སྟངས་མཁྱེན་རྟོགས་ཡོང་ཆེད་བརྙན་འཕྲིན་དང་དྲྭ་རྒྱ་བརྒྱུད་པའམ་ཡིག་ཐོག་ཕབ་པ་སོགས་ཀྱི་ཐབས་ལམ་མང་པོ་ཞིག་བེད་སྤྱོད་བཏང་སྟེ་ཐབས་ཤེས་གང་ཐུབ་ཞུ་གི་ཡོད། ང་ཚོས་དམིགས་ཡུལ་དེ་དག་བཟུང་སྟེ་འདི་ལོ་ང་ཚོས་བརྙན་འཕྲིན་མང་པོ་ཞིག་རྒྱ་སྐད་ཐོག་གསར་བཟོ་བྱས་ཡོད། བརྙན་འཕྲིན་དེ་དག་བརྒྱུད་བོད་ནང་གི་གནས་སྟངས་གསལ་བཤད་བྱེད་ཐུབ་པ་མ་ཟད། ༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་གསོལ་རས་སྩལ་བ་དང་ང་ཚོའི་སྒྲིག་འཛུགས་ངོས་ནས་མང་ཚོགས་ལ་གནས་ཚུལ་ངོ་སྤྲོད་ཞུས་པ་དང་ཞུ་མུས་ཡིན།
གསར་འགྱུར་ཚན་པའི་སྐོར་ལ་ང་ཚོ་བོད་ཀྱི་དྲྭ་བརྙན་དེ་གལ་ཆེན་པོ་ཆགས་ཡོད། རྒྱ་གར་དང་ཡུ་རོབ་བྱང་ཨ་རི་སོགས་ནས་གཟིགས་མཁན་མང་དུ་འགྲོ་བཞིན་འདུག དེའི་ནང་རྡ་སའི་གནས་ཚུལ་གཅིག་པུ་མིན་པར་བོད་ནང་གི་གནས་ཚུལ་དང་འབྲེལ་བ་ཡོད་པ་གང་མང་ཞིག་སྟོན་བཞིན་ཡོད། དེ་ཡང་བོད་ནང་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་ཁག་གསུམ་གསར་བཟོ་ཟིན་པ་དང་བཞི་པ་གཅིག་ད་ལྟ་བཟོ་མུས་ཡིན། སྔོན་མ་དང་ཅུང་མི་འདྲ་བ་ཞིག་བཀའ་བློན་ཁྲི་པའི་གསུང་བཤད་བརྙན་འཕྲིན་ཐོག་ནས་རྒྱང་བསྲིང་ཞུས་ཏེ་མི་མང་གང་མང་མང་ལ་གཟིགས་བདེ་བ་བྱུང་ཡོད། དེ་བཞིན་འདི་ལོ་དུས་འཁོར་དབང་ཆེན་སྐབས་ལ་སྔོན་འགྲོའི་གསུང་ཆོས་ནས་བཟུང་(Janta TV) བརྙན་འཕྲིན་ཐུན་མོང་ཐོག་ནས་མཇལ་ཐུབ་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལྟ་སྐབས། འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གཅིག་པུ་མིན་པར་ཁོར་ཡུག་གནས་སྟངས་དེའང་ཛ་དྲག་ཆགས་ཡོད། དེ་དང་འབྲེལ་བའི་ང་ཚོས་ཁོར་ཡུག་ཚན་པ་ནས་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེ་བ་དང་དེའི་ནང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བ་ཡོད་པའི་འདི་ལོ་ (Rio Earth Summit (Copenhagen)ཀོ་པན་ཧེ་གན་དུ་ཚོགས་པའི་ཚོགས་འདུ་དེ་འདྲར་གང་ཐུབ་བཅར་གྱུར་འབད་བརྩོན་གནང་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཞུས་ཡོད། འབྲེལ་ཡོད་ལས་བྱེད་ཚོ་ཁོར་ཡུག་དང་འབྲེལ་བའི་ཉམས་ཞིབ་གནང་དང་གནང་བཞིན་པ་དང་། ཁོར་ཡུག་ཚན་པའི་ལས་འགན་གཞན་ཞིག་ནི་བོད་པའི་སྤྱི་ཚོགས་ནང་ཁོར་ཡུག་སྲུང་སྐྱོབ་གོ་རྟོགས་སྤེལ་རྒྱུའི་ལས་འགན་གལ་ཆེན་པོ་ཡོད་དུས་གཞིས་ཆགས་ཁག་ཏུ་གཏམ་བཤད་ཡང་སེ་གནང་བར་ཕེབས་ཡོད།
གློག་ཀླད་སྡེ་ཚན་གྱིས་ཚང་མའི་གཟིགས་སའི་དྲྭ་རྒྱའི་རྣམ་པ་གསར་པ་འགྱུར་ཏེ་གྲུབ་འབྲས་གཙོ་བོ་གཅིག་དེང་དུས་ཀྱི་སྤྱི་ཚོགས་འབྲེལ་བའི་དྲྭ་རྒྱའི་ཐོག་ནས་ཕྱག་ལས་གནང་སྟངས་གསར་པ་ཞིག་ཐོག་ནས་ལས་ཀ་བྱེད་རྒྱུ་འགོ་ཚུགས་ཡོད། དྲིལ་བསྒྲགས་ཀྱི་ཆེད་པར་རིགས་འགྲེམས་སྟོན་བྱས་པ་བརྒྱུད་དེ་བོད་ནང་གི་གནས་སྟངས་དྲིལ་བསྒྲགས་ཀྱི་རྡ་སར་ཡོང་མཁན་ཕྱི་རྒྱལ་གང་མང་ཞིག་རྡ་སར་ཡོད་པའི་འགྲེམས་སྟོན་ཁང་སྔོན་མ་ནས་ཡོད་པ་དང་སྐོར་སྐྱོད་འགྲེམས་སྟོན་ཟེར་བའི་བརྗོད་གཞི་ཁག་ཁ་ཤས་ཞིག་ཡོད། དེ་དག་གཞིས་ཆགས་ཁག་ཏུ་འགྲེམས་སྟོན་བྱས་པ་མ་ཟད། རྒྱ་གར་གྲོང་ཁྱེར་ཆེ་ཁག་དང་དུས་འཁོར་དབང་ཆེན་སོགས་མི་ཚོགས་ཁྲི་སྟོང་མང་པོ་འཛོམས་ས་བོད་པ་ཙམ་མིན་པར་ཕྱི་རྒྱལ་སོགས་མང་པོ་ཞིག་འཛོམས་སར་ང་ཚོས་འབད་བརྩོན་ཞུས་ཏེ་འགྲེམས་སྟོན་བྱེད་ཀྱི་ཡོད། ཕྱི་དྲིལ་ལས་ཁུངས་ངོས་ནས་ལོ་གཅིག་ནང་སྙིང་བསྡུས་ཞུས་ན་དེ་ཙམ་རེད། ང་རང་ཕྱི་དྲིལ་བཀའ་བློན་ངོས་ནས་ཞུས་ན་དུས་ཐུང་དེའི་ནང་རྒྱལ་ཁབ་ཁག་ལྔ་ལ་བཅར་རྒྱུའི་གོ་སྐབས་བྱུང། ཁེ་ན་ཊ་དང་བྷེལ་ཇམ། ལྷོ་ཀོ་རི་ཡ། ཉི་ཧོང། ཐེ་ཝན་རྒྱལ་ཁབ་རེར་བཅར་དུས་ས་གནས་གཞུང་གི་འབྲེལ་ཡོད་མི་སྣ་མཇལ་བ་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ། ས་གནས་བོད་མི་ཚོ། གསར་འགོད་པ་བཅས་གང་ཐུབ་ཐུག་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་ཞུས་པ་མ་ཟད། ད་ལྟ་བར་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུའི་ལས་འགན་གཙོ་བོ་ཞིག་བྱུང་སོང་། ལོ་རྗེས་མ་དེ་མཚུངས་རྒྱལ་ཁབ་གཞན་པ་མང་པོར་བཅར་རྒྱུའི་རེ་བ་ཡོད། ང་རང་སྒེར་ངོས་ནས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུས་པ་ཐོག་མ་ཡིན་དུས་ཕྱི་དྲིལ་ལས་ཁུངས་ངོས་ནས་ལས་འཆར་གསར་པ་མང་པོ་གཏན་མ་འཁེལ་གོང་ནས་ད་ལྟ་བར་ལས་ཀ་བྱེད་སྟངས་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེན་པོར་བརྩིས་པ་ཡིན། དེ་དང་ཆབས་ཅིག་ཚན་པ་སོ་སོའི་འབྲེལ་ཡོད་ལས་བྱེད་མཉམ་དུ་གོ་བསྡུར་ཞུ་བཞིན་ང་ཚོས་མ་འོངས་པར་མུ་མཐུད་ནས་ཕྱག་ལས་གང་འདྲ་གནང་དགོས་མིན་དེ་གལ་ཆེན་པོ་མཐོང་སོང་། ད་ལྟ་བར་༸གོང་ས་མཆོག་གིས་དབུ་ཁྲིད་འོག་ལ་མི་རབས་གོང་མ་རྣམས་ཀྱིས་ཕྱི་དྲིལ་གྱི་ཕྱག་ལས་གནང་རྒྱུའི་ཆེད་དུ་རྨང་གཞི་ཡག་ཐག་ཆོད་ཞིག་བཞག་ཡོད་རྨང་གཞི་དེའི་ཐོག་ནས་ང་ཚོས་མུ་མཐུད་འབད་བརྩོན་བྱེད་རྒྱུ་དེ་ང་ཚོའི་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད། ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་དེ་འདྲ་ཞིག་ཡིན་དུས་ང་ཚོས་དེའི་ཐོག་འཐུས་ཤོར་རྩ་བ་ནས་མི་འགྲོ་བ་བྱས་ཏེ་འབད་བརྩོན་གང་ཐུབ་བྱེད་རྒྱུ་དེ་ང་རང་གིས་ལས་འགན་གལ་ཆེན་པོ་ཞིག་ཡིན་བསམ་ཏེ་འབད་བརྩོན་བྱེད་དང་བྱེད་མུས་ཡིན། ཐུགས་རྗེ་ཆེ།།