༢༠༡༢ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཕ་རན་སི་ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་གནང་ཐོག་ཕ་རན་སིའི་རྒྱལ་ས་པེ་རེ་སིའི་ཊོ་རོ་ཁ་ཌེ་རོ་ (Trocadero) ཞེས་པ་དེར་བོད་རིགས་རྣམས་དང་བོད་དོན་རྒྱབ་སྐྱོར་བ་ ༢༠༠ ཙམ་ལྷན་འཛོམས་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འགན་འཁུར་བཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུས་ཡོད། མཛད་སྒོའི་སྐབས་བོད་ཀྱི་རྒྱལ་དར་ཐོགས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་མ་ཟད། བོད་མི་ ༤༦ གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པའི་རྒྱལ་གཅེས་རྣམས་གཙོ་བོར་གྱུར་བའི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་བདེན་ཚིགས་སྨོན་ལམ་གསུང་འདོན་གནང་བ་དང་ཆབས་ཅིག་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས་ཡོད། ཉིན་དེར་བོད་རིགས་ཚོགས་པས་ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཞུ་ཡིག་ཅིག་ཕུལ་ཏེ་བོད་མིའི་དཀའ་ངལ་སེལ་ཐབས་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་དང་སྦྲགས། ཕ་རན་སི་གཞུང་གིས་བོད་ནང་བོད་མི་ཚོའི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་རང་དབང་ཅན་གྱི་སྐུ་ཚབ་གཏོང་དགོས་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕ་རན་སིའི་གཞུང་ཚབ་འཛུགས་དགོས་པ་རྒྱ་གཞུང་ལ་རེ་འདུན་འདོན་རོགས་ཞེས་འཁོད་ཡོད། ཕྱོགས་མཚུངས་ཕ་རན་སི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་བཀའ་ཁྲིའི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། མཛད་སྒོ་གྲུབ་མཚམས་ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༧ ཐོག་ཕ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་མདུན་དུ་འཛོམས་ནས་མཆོད་མེ་ཞལ་ཕྱེ་དང་སྨོན་ལམ་གསུང་འདོན་གནང་ནས་མཇུག་སྒྲིལ་གནང་ཡོད། སྐབས་དེར་སྤྱི་འཐུས་ཟུར་པ་ལྷ་མོ་སྐྱབས་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་མ་ཟད།་ལྷག་དཀར་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་ཀྱང་གནང་ཡོད་པ་བཅས།།
ཕ་རན་སིར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་འགན་ཁུར་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།