༢༠༡༢ ཟླ་ ༧་ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༦ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་སྤྱི་ནོར་༸གོང་ས༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་མི་མང་ ༡༥༠༠ ལྷག་ཙམ་འདུ་འཛོམས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ལྡི་ལི་ཁུལ་གནས་སྡོད་བོད་རིགས་སེར་སྐྱ་མི་མང་རྣམས་རང་ལུགས་གཟབ་མཆོར་དང་སྦྲགས། ས་གནས་བོད་ཁྱིམ་ཉིན་སློབ་མདུན་ཐང་དུ་འདུ་འཛོམས་ཀྱིས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ས་གནས་བོད་ཁྱིམ་ཉིན་སློབ་ཚོགས་ཁང་ནས་སེར་སྦྲེངས་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་༸རྒྱལ་བའི་འཁྲུངས་ལྷའི་གསོལ་མཆོད་གཙོ་བོར་གྱུར་བའི་གངས་ལྗོངས་བསྟན་སྲུང་དམར་ནག་གིས་དབུས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་བསང་མཆོད་ཟབ་རྒྱས་ཕུལ་བ་དང༌།
སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང༌། དར་ཆེན་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་བསང་གསོལ་ཟབ་རྒྱས་ཕུལ་བ་དང་སྦྲགས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་གསོལ་འདེབས་གནད་སྨིན་ཞུས་རྗེས་ལྷ་རྒྱལ་ཀི་བསྭོ་འཐེན། མཛད་སྒོ་དངོས་གཞི་སྔ་དྲོ་ཆུ་ཚོད་ ༩ ཐོག་འགོ་འཛུགས་ཀྱིས་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང༌། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་རྒྱ་མཚོ་ལགས། ལྡི་ལི་དོན་ཁང་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་བཅས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་རིམ་བཞིན་སྐུ་མགྲོན་རྣམས་དང་ལས་བྱེད། མི་མང་བཅས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང༌། གཞན་ཡང་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཐོག་ས་གནས་བོད་ཁྱིམ་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་ལྡན་མཉམ་གཞས་འབུལ།
དེ་ནས་རྒྱ་གཞུང་གི་གདུག་རྩུབ་འོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་ཕོ་མོ་འདས་གསོན་སྤྱི་དང་ཡང་སྒོས་བཙོན་ཁང་ནང་དཀའ་སྡུག་མྱངས་དང་མྱོང་མུས་ཡིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས་རྗེས་བོད་སྒར་བསམ་ཡས་གླིང་བརྒྱ་འཐུས་ཡིག་ཚང་ནས་མཛད་སྒོར་མཉམ་ཞུགས་གནང་མཁན་ཡོངས་ལ་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ། དེ་ནས་ས་གནས་འགོ་འཛིན་ལས་ཚབ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་སྦྲགས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་འདི་ལོ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་རྒྱས་པ་ཞུ་དགོས་པ་དང༌། ཡུལ་སྲོལ་དང་འཚམས་པའི་སྣེ་འབྲེལ་བྱེད་ཐབས་བརྒྱུད་རིག་གཞུང་དང་མཐུན་འབྲེལ་གྱི་ལས་རིམ་རིགས་སྤེལ་གལ་ཆེ་སྐོར་ལམ་སྟོན་བརྡ་ཁྱབ་ཕེབས་པ་བཞིན་སྐུའི་འཁྲུངས་སྐར་ཉིན་མ་སུ་རི་དང༌། ནེ་ནི་ཏལ། མཚོ་པདྨ། རྡརྨ་ཤཱ་ལཱ་བཅས་ཀྱི་ས་གཙང་ས་དང་རི་མཐོ་སར་༸རྒྱལ་བའི་སྐུ་ཚེ་ཚེ་སྒྲུབ་ཆེད་རླུང་རྟ་སོགས་དར་ལྡིར་བརྒྱ་ཕྲག་མང་པོ་གསར་བཙུགས་དང༌།
དེ་བཞིན་དོས་སྐྱེལ་རླངས་འཁོར་TRUCK ཆེ་བ་གཉིས་ཀྱི་གཡས་གཡོན་དུ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐལ་བཟང་དགའ་སྟོན་དང༌། ཁྱད་པར་དུ་༸གོང་ས་མཆོག་གིས་དུས་རྟག་ཏུ་བྱམས་པ་དང་སྙིང་རྗེ། ཀུན་ཁྱབ་འགན་འཁུར། འཚེ་མེད་ཞི་བ། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ། ནང་ཆོས་དང་ཚན་རིག་དབར་འབྲེལ་ལམ་བཅས་ཀྱི་ཆེད་རླབས་ཆེན་གྱི་མཛད་འཕྲིན་འགྲན་ཟླ་བྲལ་བ་བསྐྱངས་དང་སྐྱོང་མུས་ལ་དབྱིན་ཡུལ་གྱི་ཇོན་ཌེམ་པེལ་ཌོན་ཞེས་པའི་སྙན་གྲགས་ཅན་གྱི་ཆོས་ལུགས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་བཞིན་འབུལ་བཞེས་མཛད་པའི་དགའ་སྟོན་རྟེན་མཚོན་ཆེད་ཆབ་མངར་མོ་Nimbu Pani བགོ་འགྲེམས་ཞུ་གི་ཡོད་པའི་ཕྲད་དར་དབྱིན་ཇི་དང་ཧིན་རྡི་ཐོག་བྲིས་པ་སྦྱར་ནས་བོད་སྒར་བསམ་ཡས་གླིང་ནས་འགོ་བཅུགས་ཏེ་ Samtha Stal,Delhi gate,JLN Marg,RS Flyover,Tolstoy Marg, Jantar mantar བཅས་ཀྱི་རྒྱ་ལམ་ཁག་ཏུ་ཡུལ་མི་རྒྱས་འཛོམས་སར་ཆབ་མངར་བགོ་འགྲེམས་ཞུ་རྒྱུའི་ལས་འཆར་ཡོད་སྐོར་གསལ་བསྒྲགས་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང༌གསུང་བཤད་གནང༌།
དེ་རྗེས་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་རྒྱ་མཚོ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང༌། དེ་རྗེས་མངའ་སྡེ་གྲོག་ཚོགས་འཐུས་མི་ཨེམ་ཨེལ་ཨེ་Shri Pralad Singh Sawneyནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང༌། དེ་ནས་ས་གནས་བོད་ཁྱིམ་ཉིན་སློབ་ཁང་གི་སློབ་ཕྲུག་རྣམས་དང༌། གོ་པལ་པུར་བོད་ཁྱིམ། ས་གནས་བུད་མེད་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་གཞས་སྣ་ཁག་འཁྲབ་སྟོན་གནང་རྗེས་བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་དཀར་བརྟེན་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས། བོད་སྒར་བསམ་ཡས་གླིང་བརྒྱ་འཐུས་ལས་ཁུངས་ནས་སྐུ་མགྲོན་རྣམས་དང་མི་མང་ཡོངས་རྟེན་འབྲེལ་མཚོན་ཆེད་ཉིན་གུང་གསོལ་ཚིགས་རྒྱས་པ་ཞིག་བཤམས་ཏེ་སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གྲོལ་བ་བཅས།།