༢༠༡༢ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ རེས་གཟའ་མིག་དམར་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (UN Human Rights Council) སྐབས་ཕྱི་མིར་སྡང་ཟུག་ (xenophobia ) དང་མི་རིགས་དབྱེ་འབྱེད་ (racial discrimination) སྐོར་གྱི་གནད་དོན་ཐོག་གླེང་སློང་གནང་སྐབས། བསྟན་འཛིན་བསམ་འཕེལ་ལགས་ཀྱིས་དེང་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང། ལྷག་པར་རྒྱ་ནག་གཞུང་གིས་བོད་མི་དང་རྒྱ་རིགས་ཧན་མི་རིགས་ཚོའི་དབར་མི་རིགས་དབྱེ་འབྱེད་ཀྱིས་སྲིད་བྱུས་དེའི་འོག་བོད་མི་ཚོའི་རིག་གཞུང་དང་ཆོས། སྐད་ཡིག་སོགས་ལ་མཐོང་ཆུང་ཁྱད་གསོད་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡོད། དེ་ཡང་བགྲོ་གླེང་ལྷན་ཚོགས་སྐབས་ཁོང་གིས་འཇིགས་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་ Society for Threatened Peoples and Mouvement ཚབ་ཞུས་ཏེ་འབྲེལ་ཡོད་ཚོགས་གཙོ་སྐུ་ཞབས་མ་ཏ་མ་རུ་ཏེ་རེ་མཆོག་ (Mr. Mutuma Ruteere) ལ་འགྲེལ་བརྗོད་ལྷུག་པོ་གནང་ཡོད།
སྐབས་དེར་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་རྩ་མེད་བཟོ་རྒྱུའི་ཚོགས་ཆུང་ Committee on the Elimination of Racial Discrimination གི་སྒྲིག་གཞིར་རྩ་འཛིན་ཞུ་རྒྱུའི་ཁས་ལེན་ས་རྟགས་བརྒྱབ་ཡོད་ཀྱང། བོད་མི་ཚོས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ཞི་རྒོལ་བྱས་རྗེས་བོད་མི་ཚོར་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཤུགས་ཆེ་རུ་བཏང་རྐྱེན་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་པ་ར་སྤྲོད་གནང་བ་དང་སྦྲགས། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལུང་འདྲེན་གནང་སྟེ་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་ནག་གཞུང་གིས་བོད་མི་ ༦༠༠ ཙམ་འཛིན་ཟུང་བཀག་ཉར་བྱས་ཡོད་སྐོར་དང། བོད་རང་སྐྱོང་ལྗོངས་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁམས་དང་ཨ་མདོའི་མི་རིགས་རྣམས་ལྷ་ས་ནས་བཙན་དབང་འོག་ཁུངས་སོ་སོར་ཕྱིར་འབུད་བྱས་ཡོད། དེར་བརྟེན་རྒྱ་ནག་སྐམ་ས་ནས་རྒྱ་རིགས་ཁྲི་ཚོ་མང་པོ་ལས་སླ་པོར་བོད་ཀྱི་རྒྱལ་ས་ལྷ་ས་དང་བོད་རང་སྐྱོང་ལྗོངས་སུ་སྤོ་ཤུགས་བྱ་རྒྱུར་ཧ་ཅང་སྟབས་བདེ་ཆགས་ཡོད།
དེར་བརྟེན་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བསྐྱོད་ཀྱི་རང་དབང་དང་བོད་ཀྱི་ས་ཁུལ་དུ་གནས་སྡོད་བྱ་རྒྱུའི་རང་དབང་རྣམས་འཕྲོག་ཡོད་སྐོར་དང། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་དེ་དག་གཏན་འབེབས་མ་བྱས་སྔོན་འབྲེལ་ཡོད་ས་གནས་བོད་རིགས་རྣམས་དང་འབྲེལ་བ་གང་ཡང་མ་བྱས་པར་ལས་གཞི་དེ་དག་ལག་བསྟར་བྱས་པ་ནི་བོད་མི་ཚོར་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་བྱས་པ་ཞིག་ཡིན་པ་དང་། དཔེར་ན། རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་སྟོང་ཕྲག་མང་པོ་བཙན་དབང་འོག་གཞིས་སྤོས་བཅུག་པ་སོགས་གསལ་བཤད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་རིགས་སློབ་གྲྭ་ཁག་གི་ནང་བོད་སྐད་དང་བོད་ཡིག་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་དང། འདི་ལོ་ལྟ་བུར་ཆ་མཚོན་ན། རྒྱ་ནག་གཞུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཀླུ་ཆུའི་རྫོང་ (Luchu County) གི་སློབ་ཕྲུག་གྲངས་ ༥༠ ཡོད་པའི་བོད་མིའི་དྭ་ཕྲུག་སློབ་གྲྭ་སྒོ་བརྒྱབ་བཅུག་པ་དང། དེ་བཞིན་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཀར་མཛེས་རྫོང་དུ་སྒེར་གྱི་བོད་རིགས་སློབ་གྲྭས་ (Khadrok Jamtse Rokten School) བོད་སྐད་དང་བོད་ཀྱི་རིག་གཞུང་ལ་གཅེས་ཞེན་བྱས་པའི་ཉེས་འཛུགས་འོག་སློབ་གྲྭ་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། འབྲེལ་ཡོད་སློབ་གྲྭའི་ལས་བྱེད་རྣམས་འཛིན་བཟུང་གིས་ད་ཆ་ཁོང་རྣམས་ཀྱི་གནས་སྟངས་ཤེས་རྟོགས་གང་ཡང་ཐུབ་མེད་པ་དང། དེང་སྐབས་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐུག་ས་ནི་རྒྱ་ནག་གཞུང་གིས་བོད་མི་ཚོའི་རིག་གཞུང་དང་ཆོས་དད། སྐད་ཡིག་སོགས་ལ་ཁྱད་གསོད་དང་དབྱེ་འབྱེད་སོགས་དམ་བསྒྲགས་ཧ་ཅང་བྱས་པ་ལས་བྱུང་བ་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས།
ཁོང་གིས་རྒྱ་ནག་དཔོན་རིགས་ཚོས་བོད་མི་ཚོའི་དངོས་ཡོད་དཀའ་ངལ་ལ་རྟོག་ཞིབ་བྱས་ཏེ་དཀའ་ངལ་དེ་དག་རྒྱལ་སྤྱི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཞག་ཐོག་ནས་སེལ་ཐབས་བྱེད་དགོས་པའི་རེ་འདུན་བཏོན་ཡོད། སྐབས་དེར་རྒྱ་ནག་སྐུ་ཚབ་ཀྱིས་བོད་མི་དང་ཤིང་ཅང་མི་རིགས་ལ་དབྱེ་འབྱེད་གང་ཡང་མེད་པར་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་དཀའ་ངལ་དེ་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཞིག་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞིག་རེད་ཅེས་བཤད་ཡོད་པ་བཅས།།