༢༠༡༢ ཟླ་ ༦་ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། བཀའ་བརྒྱུད་བསྟན་པའི་མངའ་བདག་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཚོགས་ཡོད་པ་དང༌། མཛད་སྒོར་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དགུང་གྲངས་ ༢༧ ལ་ཕེབས་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གོ་སྒྲིག་གནང་མཁན་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པས་གདན་ཞུས་གནང་བ་ལྟར།
སྐུ་མགྲོན་གཙོ་བོ་དཔལ་སྤྲུལ་རིན་པོ་ཆེ་མཆོག་དང༌། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་དབུས་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པ། བོད་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། ཧི་མ་ལ་ཡའི་རི་རྒྱུད་མི་སྣ། ཀརྨ་པ་རིན་པོ་ཆེའི་དད་ལྡན་ཞལ་སློབ་སོགས་སེར་སྐྱ་མང་ཚོགས་ ༥༠༠ ཙམ་ནས་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད།
ཐོག་མར་སྐུ་མགྲོན་གཙོ་བོ་དང་སེར་སྐྱ་མང་ཚོགས་ཀྱིས་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་སྐུ་པར་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས་དཔལ་སྤྲུལ་རིན་པོ་ཆེ་མཆོག་དང༌། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས། དེ་བཞིན་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པ་བཅས་ནས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་མནྜལ་རྟེན་གསུམ་ཕུལ་ཡོད། དེ་ནས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་བཀའ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དགུང་གྲངས་ཉེར་བདུན་ལ་ཕེབས་པའི་འཁྲུངས་སྐར་གྱི་དུས་ཚེས་འདིར་ངས་སྐུ་ཚབ་དོན་གཅོད་ཁང་གི་ཚབ་ཞུས་ཏེ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང༌། ཐུགས་ཀྱི་བཞེད་དགོངས་བགེགས་མེད་ལྷུན་གྱིས་འགྲུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ན་ཕྲ་མོའི་དུས་ནས་བཙན་བྱོལ་ལ་ཕེབས་པ་ནས་བཟུང་གང་ཉིད་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྒྲུབ་མཁན་ཞིག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཀྱི་བཞེངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་བླ་ཆེན་ཞིག་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཁོང་གིས་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པའི་མཚོན་ཁྲ་ཅན་གྱི་མཚན་བྱང་ཞལ་འབྱེད་གནང་སྟེ། དེ་རིང་གི་འཁྲུངས་སྐར་མཛད་སྒོ་ཉིན་མོར་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པ་དངོས་སུ་དབུ་བརྙེས་པ་མཚོན་གནང་བ་དང་འབྲེལ་ཚོགས་པ་དེས་མ་འོངས་པར་ཐོག་མའི་དམིགས་ཡུལ་བཞིན་ཕྱག་ལས་ཁག་ལམ་ལྷོངས་ཡོང་བའི་ཐུགས་རེ་གནང༌། དེ་ནས་བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པའི་ཚོགས་གཙོ་འཕྲིན་ལས་ལགས་ཀྱིས་ཚོགས་པ་བཙུགས་པའི་བརྒྱུད་རིམ་དང༌། བྱང་ཨ་རིའི་ནང་ཀརྨ་པ་སྲི་ཞུ་ཚོགས་པ་བཙུགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་ཡོད།
དེ་བཞིན་མཛད་སྒོར་མཉམ་ཞུགས་གནང་མཁན་སེར་སྐྱ་མང་ཚོགས་ ༥༠༠ སྐོར་ནས་ཀརྨ་པ་རིན་པོ་ཆེའི་སྐུ་པར་ལ་དཀར་གཙང་གི་མཇལ་དར་བསྒྲོན་ཏེ། གང་ཉིད་མཆོག་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཀྱི་རྟེན་འབྲེལ་མཚོན་གནང་བ་དང་ཆབས་ཅིག་རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་ཆོ་ག་དང༌། སྨོན་ལམ་རྣམ་གསུམ། མར་མེའི་སྨོན་ལམ་གསུང་འདོན་གནང་སྟེ། དགོང་དྲོ་ཆུ་ཚོད་བཞི་པའི་ཐོག རྒྱལ་བ་ཀརྨ་པ་རིན་པོ་ཆེ་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་སྲུང་རྩིའི་མཛད་སྒོ་དེ་བཞིན་དོན་སྙིང་ལྡན་པའི་ཆོས་ཕྱོགས་ཀྱི་རྣམ་པའི་ཐོག་ནས་མཇུག་སྒྲིལ་གནང་ཡོད་པ་བཅས། །