༢༠༡༢ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་གི་མདུན་ཐང་དུ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ། ཀན་ལྷོ་ཁུལ་བསང་ཆུ་རྫོང་། འབོ་ར་སྐྱ་དེའུ་ཁོག་རུ་ཁག་གི་ཁོངས་སུ་གཏོགས་པའི་རང་ལོ་ ༡༩ ཡིན་པའི་བུ་རྡོ་རྗེ་ཚེ་བརྟན་ལགས་དང་། ཁོང་གི་གྲོགས་པོ་ཨ་མདོ་རྔ་པ་ནས་ཡིན་པའི་རང་ལོ་ ༢༥ སོན་པ་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། དེ་བཞིན་ཕྱི་ཚེས་ ༣༠ ཉིན་ཛམ་ཐང་དུ་རྒྱལ་གཅེས་དཔའ་མོ་ཕྲུ་གུ་གསུམ་གྱི་སྐྱེད་མ་རི་ཀྱོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་ཆོས་རིག་ལས་ཁུངས་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་དང། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་རྣམ་པ། ཚང་མས་ཤེས་གསལ་རེད། བོད་ནང་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་སྲིད་བྱུས་བཟུང་དང་འཛིན་མུས་ཡིན་པར་བརྟེན། དུས་ད་ལྟ་ཡིན་ཡང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བྱུང་དང་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རང་ལོ་ ༡༩ ཡིན་པའི་བུ་རྡོ་རྗེ་ཚེ་བརྟན་ལགས་དང་། རང་ལོ་ ༢༥ སོན་པའི་དར་རྒྱས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྡོ་རྗེ་ཚེ་བརྟན་ལགས་དེ་ཉིན་འདས་གྲོངས་སུ་གྱུར་འདུག དར་རྒྱས་ལགས་སུ་རྨས་སྐྱོན་ཚབས་ཆེན་ཕོག་འདུག དེ་བཞིན་ཕྱི་ཚེས་ ༣༠ ཉིན་རྔ་པ་ཛམ་ཐང་ཁུལ་དུ་རང་ལོ་ ༣༦ ཡིན་པའི་སྐྱེད་མ་རི་ཀྱོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད། ང་ཚོས་ཤེས་རྟོགས་བྱུང་བའི་གོང་གསལ་རང་ལུས་མེར་སྲེག་གི་དོན་རྐྱེན་གསུམ་གཙོ་བོར་བྱས་པའི་ཁོང་རྣམ་པའི་ནང་མི་སྤུན་མཆེད་དང་། བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་གནས་ཡོད་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཀྱི་ཆེད་དུ་དེ་རིང་གདུང་སེམས་མཉམ་སྐྱེ་ཞུ་སླད་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད། ཚང་མས་ཤེས་གསལ་རེད། རང་ལུས་མེར་སྲེག་གཏོང་མཁན་མང་དུ་འགྲོ་སྐབས། བོད་ནང་གི་གནས་སྟངས་ཚབས་ཆེན་གང་འདྲ་ཡོད་མེད།རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་གང་ཙམ་ཤེས་རྟོགས་ཡོང་བཞིན་ཡོད། ད་རེས་རང་ལུས་མེར་སྲེག་གཏོང་མཁན་ཁོང་རྣམ་པ་གསུམ་གྱི་གནས་ཚུལ་ལྟ་བུ་ཡིན་ནའང་། (BBC)བི་བི་སི་གཙོས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་ཆེ་བའི་ནང་ཐོན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་རྒྱས་བཞིན་ཡོད་པ་ཚང་མས་ཤེས་གསལ་རེད། ཉེ་ཆར་ཇོན་ཊེམ་པེལ་ཊོན་(John Templeton Foundation)གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད་པ་མ་ཟད། དབྱིན་ཇིའི་སྲིད་བློན་མཆོག་དང་སྲིད་བློན་སྐུ་གཞོན་རྣམ་གཉིས་མཆོག་གིས་ཀྱང་མཇལ་ཞུས་ཡོད། ཨོ་སི་ཊོ་རི་ཡའི་རྒྱལ་ས་ཝི་ནར་བོད་ནང་ད་ལྟའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འདུ་འཛོམས་ཐེངས་གསུམ་པར་གནད་ཡོད་མི་སྣ་མང་དག་ཅིག་འཛོམས་ཏེ་བོད་དོན་ལ་རྒྱབ་སྐྱོར་སྤྱི་དང་། ཡང་སྒོས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་ཐོག་སེམས་འཚབ་ཡོད་པའི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། བཀའ་ཤག་གི་ཐོག་ནས་ཡིན་རུང། བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དྲིལ་བསྒྲགས་གང་ཐུབ་ཀྱིས་འབད་བརྩོན་ཞུ་བཞིན་ཡོད། དེ་བཞིན་ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨུ་རུ་སུའི་སྲིད་འཛིན་ཟུར་པ་དང་། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སོགས་ཁོང་རྣམ་པ་ཚང་མར་ཐུག་འཕྲད་ཞུས་ཏེ་བོད་ནང་གི་རང་ལུས་མེར་སྲེག་གི་གནས་སྟངས་སྐོར་ཞུས་པ་ཡིན། ཉེ་ཆར་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་གྲོས་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཐོག་ལུང་པ་སུམ་ཅུ་ཙམ་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་མཆོག་གིས་དབུས་འཐུས་མི་མང་པོ་ཕེབས་ཏེ་བོད་ནང་གི་ཛ་དྲག་གནད་དོན་གཞི་བཞག་ཐོག་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་པ་མ་ཟད། མ་འོངས་པར་ལས་དོན་བྱེད་ཕྱོགས་ཡིན་རུང་གྲོས་བསྡུར་དང་གྲོས་ཆོད་རིམ་བཞིན་བཞག་སྟེ་སོ་སོའི་ལུང་པའི་ནང་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བོད་དོན་ཐོག་ཕན་ཐོགས་ཡོད་པའི་ཚོགས་འདུ་ཚོགས་ཡོད། རྒྱ་གར་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། གཞི་རྩའི་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་འོག་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་དག་ཅིག་གིས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། དེར་བརྟེན་ང་ཚོའི་ལས་འགན་ནི་ཁོང་རྣམ་པས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་ཞེས་པའི་འབོད་སྒྲ་དེ་མ་བརྗེད་ཐོག་པའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་ཐུབ་པ་ཞིག་དང་། ཁོང་རྣམ་པའི་རེ་འདུན་སྒྲུབ་ཐུབ་པ་བྱ་རྒྱུ་དེ་ང་ཚོའི་འགན་འཁྲི་ཡིན། ད་ལྟ་བར་དུ་བཀའ་སྤྱི་གཉིས་ནས་འབོད་སྐུལ་ཞུས་པ་ལྟར། ལས་དོན་གང་འདྲ་ཞིག་ཡིན་རུང་མི་མང་གིས་ཕྱར་གྲུ་མཉམ་འདེགས་ཀྱི་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་བྱུང། ད་དུང་ཡང་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན། མཐའ་དོན་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་ཐོས་བྱུང་ཡོད་ངེས་རེད། སྤྱིར་བཏང་ཆོས་རིག་བཀའ་བློན་དང་བདེ་སྲུང་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་ལ་གསར་འགོད་གནང་ཟིན་ཡོད། འོན་ཀྱང་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་མི་མང་ཚོར་ཞུ་རྒྱུར། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་གཞི་བཞག་ཐོག་བཀའ་ཤག་གིས་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ལ་འཕྲུལ་ཆས་སོགས་ག་རེ་ཐོག་ནས་ཡིན་རུང་སྔར་ལྷག་ཡར་རྒྱས་གཏོང་རོགས་ཞེས་རེ་འདུན་ཞུས་ཡོད། དེ་བཞིན་ང་ཚོའི་ངོས་ནས་༸གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ཚགས་ཚུད་གཏོང་རྒྱུའི་ཐོག་བསྐྱར་ཞིབ་བྱས་དང་བྱེད་མུས་ཡིན་པས་མི་མང་རྣམས་ནས་སེམས་ཁྲལ་མ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས། །
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།