༢༠༡༢ ཟླ་ ༦་ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ (Melbourne) གྱི་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཨོ་སི་ཊོ་ལི་ཡའི་བོད་རིགས་ཚོགས་པའི་སྐུ་ཚབ། ནང་པའི་ཆོས་ཚོགས་ཁག་གི་སྐུ་ཚབ་འཐུས་མི། དེ་བཞིན་ས་གནས་བོད་རིགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་བཀའ་ཁྲི་མཆོག་གིས་གསར་འགོད་ལྷན་ཚོགས་སུ་གསུང་བཤད་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་འདྲ་བྱུང་མིན་སྐོར་དང་། ད་ལྟ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་འབྲེལ་ནས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་གནས་སྟངས། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད། བོད་མི་ཚོའི་འཐབ་རྩོད་དེ་འཚེ་བ་མེད་པ་དང་མང་གཙོའི་ལམ་གཙོ་བོར་གཞི་རྩ་བཟུང་བ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ནང་ནས་རྒྱབ་སྐྱོར་འཐོབ་བཞིན་ཡོད་སྐོར་སོགས་གསལ་བཤད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐབས་དང་གལ་ཏེ་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་ན་བོད་མིའི་རང་དབང་ལ་ཕན་འབྲས་ཇི་བྱུང་སྐོར་སོགས་ཀྱི་དྲི་བར་ལན་འདེབས་དང་གསལ་བཤད་ཞིབ་ཕྲ་གནང་ཡོད། ཕྱེད་ཡོལ་བཀའ་ཁྲི་མཆོག་གིས་མེལ་བྷོན་ཁུལ་དུ་གནས་སྡོད་རྒྱ་རིགས་མང་ཚོགས་ཁག་གཅིག་དང་ཐུག་འཕྲད་གནང་ཡོད་པའི་ཁོངས་ནས་མང་པོ་ཞིག་རྒྱ་རིགས་མང་གཙོ་དོན་གཉེར་བའི་ལས་འགུལ་སྤེལ་མཁན་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྩོམ་པ་པོ་དང་མཁས་དབང་། སློབ་ཕྲུག་སོགས་ཡིན་འདུག དེ་རྗེས་བཀའ་ཁྲི་མཆོག་གིས་མེལ་བྷོན་ས་གནས་བོད་མི་ཚོར་གསུང་བཤད་གནང་ཡོད། མེལ་བྷོན་གྲོང་ཁྱེར་ཁུལ་དུ་བོད་རིགས་མི་གྲངས་ ༢༦༠ ཙམ་ཡོད་པར་བརྟེན། ཨོ་སི་ཊོ་ལི་ཡའི་ནང་ནས་བོད་རིགས་མང་ཤོས་གནས་སྡོད་བྱེད་སའི་ས་ཁུལ་ཨང་གཉིས་པ་དེ་ཆགས་ཡོད། དེ་ཁོངས་བོད་མི་མང་ཆེ་བ་ཆབ་སྲིད་བཙོན་ཟུར་དང་ཁོང་ཚོའི་ནང་མི་བཅས་ཡིན་འདུག སྐབས་དེར་ཐོག་མར་ས་གནས་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་གི་གཞས་སྣ་ཁྲབ་སྟོན་གྱི་ལམ་ནས་བཀའ་ཁྲི་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་སྐོར་ཞིབ་ཕྲ་གསལ་བཤད་གནང་བ་དང་སྦྲགས། བཀའ་ཤག་གི་རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཕྱི་རྒྱལ་བོད་རིགས་ཚོགས་པའི་དབར་འབྲེལ་ལམ་བཟོ་རྒྱུའི་ལས་གཞི་དེར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་གནང་ཡོད།
ཕྱི་ཚེས་ ༢༥ ཉིན་བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཨེ་བྷི་སི་ ABC News Breakfast ལ་སོགས་པའི་དྲི་བར་ལན་འདེབས་གནང་རྒྱུ་མ་ཟད། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་དབུ་ཁྲིད་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷོབ་བྷོ་རོན་ Bob Brown མཆོག་དང་ལྷན་གསར་འགོད་ལྷན་ཚོགས་སུ་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་ཌེ་ཀིང་གཙུག་ལག་སློབ་ཁང་གི་Deakin University རྒྱ་རིགས་མཁས་དབང་དང་ལྷན་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང། ཕྱེད་ཡོལ་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་རྣམས་ལ་མང་གཙོ་དང་ནང་ཆོས། ཨེ་ཤི་ཡའི་མདུན་ལམ་སོགས་ཀྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།
.
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་འཚམས་གཟིགས་གནང་བཞིན་པ།
གསར་གནས།
འབྲེལ་གནས།