༢༠༡༢ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི།
ལེའུ་དང་པོ།
སྔོན་འགྲོ།
དོན་ཚན་དང་པོ། སྒྲིག་གཞིའི་མིང་།
བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་ ༢༠༡༢ ཞེས་འབོད་རྒྱུ།
དོན་ཚན་གཉིས་པ། ཁྱབ་ཚད།
སྒྲིག་གཞི་འདི་ཉིད་གཤམ་འོག་ཕྱག་ཐམ་མཚན་རྟགས་བཀོད་པའི་བཙུན་དགོན་དང་ཆ་རྐྱེན་ཚང་བའི་སློབ་གཉེར་ཁང་ལ་ཁྱབ་པ་ཡིན།
དོན་ཚན་གསུམ་པ། འགོ་འཛུགས།
སྒྲིག་གཞི་འདི་ཉིད་ཕྱི་ལོ་ ༢༠༡༢ ནས་འགོ་འཛུགས་ལག་བསྟར་བྱ་རྒྱུ།ལེའུ་གཉིས་པ།
རྒྱུགས་སྤྲོད་ནང་ཞུགས་ཆོག་པའི་ཆ་རྐྱེན།
དོན་ཚན་བཞི་པ། ལོ་བཅུ་བདུན་གྱི་བསླབ་པ་ཐོན་ཟིན་པ།
སྒྲིག་ཞུགས་བཙུན་མ་གང་ཞིག་དགེ་བཤེས་མའི་མཚན་གནས་བཞེས་པར་སོ་སོའི་དགོན་སྡེ་དང་སློབ་གཉེར་ཁང་དུ་གཞུང་ཆེན་ཁག་ལ་ཉུང་མཐར་ལོ་བཅུ་བདུན་གྱི་སློབ་སྦྱོང་བྱས་ཟིན་པ་དང་དེའི་རིང་དེ་དག་གི་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༧༥ ལོན་པ་ཞིག་དགོས།
ལེའུ་གསུམ་པ།
རྒྱུགས་སྤྲོད་ལོ་ཚད་དང་་སློབ་ཚན།
དོན་ཚན་ལྔ་པ། ལོ་ཚད།
དགེ་བཤེས་མའི་ལག་འཁྱེར་གྱི་རྒྱུགས་སྤྲོད་ཚད་གཞི་ལོ་བཞི་ཡིན།
དོན་ཚན་དྲུག་པ། སློབ་ཚན།
ལོ་བཞིའི་རིང་གི་སློབ་ཚན་གཤམ་གསལ་ལྟར་ཡིན།
ལོ་རིམ་དང་པོར་རྩ་བའི་སློབ་ཚན། ཕར་ཕྱིན་ལ། རྣམ་བཤད་སྙིང་པོའི་རྒྱན་སྐབས་དང་པོ་ནས་གསུམ་པ་རྫོགས་ཀྱི་བར། དེའི་ཐད་ཀྱི་རྩ་བ་མངོན་རྟོགས་རྒྱན་དང་། འགྲེལ་པ་དོན་གསལ། དབུ་མ་ལ། དགོངས་པ་རབ་གསལ་བདེན་གཉིས་བར། དེའི་ཐད་ཀྱི་འཇུག་པ་རྩ་འགྲེལ། ཚད་མ་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོའིི་དབུ་ནས་ཤིང་འཛིན་རྟོག་པ་བར་དང་། དེའི་ཐད་ཀྱི་རྩ་འགྲེལ་བཅས་ལ་འབྲི་རྒྱུགས་དང་རྩོད་རྒྱུགས། ཞར་བྱུང་སློབ་ཚན་ལ། པྲ་སྟི་སུམ་ཅུ་པ་དང་། རྒྱལ་རབས་ཆོས་འབྱུང་ཁོངས་༸གོང་ས་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མིང་མང་གི་ལེའུ་དང་པོ་ནས་དྲུག་པ་བར། ཚན་རིག་ངོ་སྤྲོད་བཅས་ཀྱི་འབྲི་རྒྱུགས།
1. ལོ་རིམ་གཉིས་པར་རྩ་བའི་སློབ་ཚན། ཕར་ཕྱིན་ལ། རྣམ་བཤད་སྙིང་པོའི་རྒྱན་སྐབས་བཞི་པ་ནས་མཇུག་གི་བར། དེའི་ཐད་ཀྱི་རྩ་བ་མངོན་རྟོགས་རྒྱན་དང་། འགྲེལ་པ་དོན་གསལ། དབུ་མ་ལ། དགོངས་པ་རབ་གསལ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ནས་མཇུག་གི་བར། དེའི་ཐད་ཀྱི་འཇུག་པ་རྩ་འགྲེལ། ཚད་མ་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པ་དབུ་ནས་ལུགས་བྱུང་རྫོགས་ཀྱི་བར་དང་། དེའི་ཐད་ཀྱི་རྩ་འགྲེལ་བཅས་ལ་འབྲི་རྒྱུགས་དང་རྩོད་རྒྱུགས། ཞར་བྱུང་སློབ་ཚན་ལ། པྲ་སྟི་རྟགས་འཇུག་དང་། རྒྱལ་རབས་ཆོས་འབྱུང་ཁོངས་༸གོང་ས་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ལེའུ་བདུན་པ་ནས་བཅུ་གསུམ་བར། ཚན་རིག་ངོ་སྤྲོད་བཅས་ཀྱི་འབྲི་རྒྱུགས།
ལོ་རིམ་གསུམ་པར་རྩ་བའི་སློབ་ཚན། ཚད་མ་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པ་ལུགས་ལྡོག་དབུ་ནས་ལེའུ་གཉིས་པ་རྫོགས་ཀྱི་བར། འདུལ་བ་ལ། འོད་ལྡན་རྩ་འགྲེལ་དབུ་ནས་ལེའུ་བཞི་པའི་བར། མཛོད་ལ། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་སྟོད་ཆ་དང་། དེའི་ཐད་ཀྱི་མཛོད་རྩ་འགྲེལ་བཅས་ལ་འབྲི་རྒྱུགས་དང་རྩོད་རྒྱུགས། ཞར་བྱུང་སློབ་ཚན། སྙན་ངག་ལེའུ་གཉིས་པའི་དཔེ་རྒྱན་དང་གཟུགས་རྒྱན་གཉིས། ཆོས་འབྱུང་ཁོངས་སུ་ཆོས་རིག་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་འབྱུང་ལོ་རྒྱུས་སྙིང་བསྡུས་ནས་གཡུང་དྲུང་བོན་དང་། སྔ་འགྱུར་རྙིང་མ། བཀའ་བརྒྱུད་པ་བཅས་ཀྱི་ཆོས་འབྱུང་། ཚན་རིག་ངོ་སྤྲོད་རྒྱས་པ་བཅས་ལ་འབྲི་རྒྱུགས།
2. ལོ་རིམ་བཞི་པར་རྩ་བའི་སློབ་ཚན། ཚད་མ་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གསུམ་པ་འབྲས་རྟོག་སྐོར་གསུམ་དང་ལེའུ་བཞི་པའི་སྒྲུབ་ངག་སྐོར། འདུལ་བ་ལ། འོད་ལྡན་རྩ་འགྲེལ་ལེའུ་ལྔ་པ་ནས་མཇུག་གི་བར། མཛོད་ལ། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་སྨད་ཆ་དང་། དེའི་ཐད་ཀྱི་མཛོད་རྩ་འགྲེལ་བཅས་ལ་འབྲི་རྒྱུགས་དང་རྩོད་རྒྱུགས། ཞར་བྱུང་སློབ་ཚན། གཞུང་ཆེན་བཀའ་པོད་ལྔ་གང་རུང་ཐོག་ལོ་བཞིའི་རིང་ཉམས་ཞིབ་ཀྱིས་ཤོག་(A4, Margin 1 inch on each sides, Monlam Uchen Font size 24)གྲངས་ ༥༠ ལས་མ་ཉུང་བའི་དཔྱད་རྩོམ་འབྲི་རྒྱུ། ཆོས་འབྱུང་ཁོངས་སུ་ཆོས་རིག་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་འབྱུང་ལོ་རྒྱུས་སྙིང་བསྡུས་ནས་དཔལ་ས་སྐྱ་པ་དང་རི་བོ་དགེ་ལྡན་པ་གཉིས་ཀྱི་ཆོས་འབྱུང་། ཚན་རིག་ངོ་སྤྲོད་རྒྱས་པ་བཅས་ལ་འབྲི་རྒྱུགས་བཅས་སོ།།
ལེའུ་བཞི་པ།
རྒྱུགས་སྤྲོད་ལེན་སྟངས།
དོན་ཚན་བདུན་པ། རྒྱུགས་སྤྲོད་ལེན་ཡུལ།
བཙུན་དགོན་དྲུག་རེས་མོས་ཀྱིས་རྒྱུགས་སྤྲོད་ལེན་ཡུལ་གོ་སྒྲིག་ཞུ་དགོས་པ་ཡིན།
དོན་ཚན་བརྒྱད་པ། རྒྱུགས་སྤྲོད་དུས་ཚེས།
ལོ་རེའི་ཕྱི་ཟླ་ལྔ་པའི་ནང་ཡིན།
དོན་ཚན་དགུ་པ། རྒྱུགས་སྤྲོད་ཨང་ཐོབ།
1. རྩ་བའི་སློབ་ཚན་འབྲི་རྒྱུགས་ལ་བརྒྱ་ཆ་ ༡༠༠ དང་། རྩོད་རྒྱུགས་ལ་བརྒྱ་ཆ་ ༡༠༠ ཐོག་ནས་རྒྱུགས་ལེན་རྒྱུ།
2. ཞར་བྱུང་སློབ་ཚན་ནས་བརྡ་སྤྲོད་ལ་བརྒྱ་ཆ་ ༤༠། རྒྱལ་རབས་ཆོས་འབྱུང་ལ་བརྒྱ་ཆ་ ༣༠། ཚན་རིག་ལ་བརྒྱ་ཆ་ ༣༠ བཅས་ཁྱོན་བརྒྱ་ཆ་ ༡༠༠ ཡི་ཐོག་ནས་རྒྱུགས་ལེན་རྒྱུ།
དོན་ཚན་བཅུ་པ། རྒྱུགས་སྤྲོད་དུས་ཡུན།
1. རྩ་བའི་སློབ་ཚན་ཐད་འབྲི་རྒྱུགས་ལ་ཆུ་ཚོད་ ༣ དང་། རྩོད་རྒྱུགས་སྐབས་རྟགས་གསལ་ལ་སྐར་མ་ ༡༥། དམ་བཅའ་ལ་སྐར་མ་ ༡༥ ཡོད།
2. ཞར་བྱུང་སློབ་ཚན་ལ་ཆུ་ཚོད་ ༣ ཡོད།
ལེའུ་ལྔ་པ།
རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་།
དོན་ཚན་བཅུ་གཅིག་པ། རྒྱུགས་སྤྲོད་དོ་དམ་པའི་ཚོགས་ཆུང་གིི་གྲུབ་ཆ།
ཆོས་རིག་ལས་ཁུངས་དང་། འབྲེལ་ཡོད་བཙུན་དགོན་ཁག་དྲུག །རྡ་ས་རིགས་ལམ་སློབ་གཉེར་ཁང་། ༜༜བོད་ཀྱི་བཙུན་མའི་ལས་འཆར་གྱི་སྐུ་ཚབ་གཅིག་རེ་ལས་གྲུབ་པའི་ཚོགས་ཆུང་ཞིག་འཛུགས་རྒྱུ།
དོན་ཚན་བཅུ་གཉིས་པ། ཚོགས་ཆུང་གི་ཚོགས་གཙོ།
རྒྱུགས་སྤྲོད་དོ་དམ་པའི་ཚོགས་ཆུང་གི་ཚོགས་གཙོ་ཟུང་དྲུང་ཡན་གྱི་གནས་རིམ་ཡིན་པའི་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ནས་བྱ་རྒྱུ།
དོན་ཚན་བཅུ་གསུམ་པ། ཚོགས་གཙོའི་ལས་འགན།
1. རྒྱུགས་སྤྲོད་ཀྱི་དྲི་ཤོག་རྒྱུགས་ཞིབ་པ་ནས་བཞེས་ཏེ་གསང་རྒྱའི་ཐོག་ཉར་རྒྱུ།
2. ལན་ཤོག་རྣམས་ལེན་ཏེ་འཕྲལ་མར་རྒྱུགས་ཞིབ་པ་ལ་འཕྲོད་པ་བྱ་རྒྱུ།
དོན་ཚན་བཅུ་བཞི་པ། ཚོགས་ཆུང་གི་ལས་འགན།
1. རྒྱུགས་ཞུགས་པ་རྣམས་ཀྱི་འགེངས་ཤོག་བསྡུ་རུབ་བྱ་རྒྱུ།
2. ལན་ཤོག་རྣམས་ཡིག་སྐོག་ནང་བླུགས་ནས་ཐམ་ཀ་རྒྱབ་སྟེ་ཚོགས་གཙོར་འབུལ་རྒྱུ།
3. ཕྱོགས་བསྡོམས་གྲུབ་འབྲས་ཐོ་གཞུང་བཟོ་རྒྱུ།
4. རྒྱུགས་འཕྲོད་པའི་བཙུན་མ་རྣམས་ཀྱི་ལག་འཁྱེར་བཟོ་རྒྱུ།
དོན་ཚན་བཅོ་ལྔ་པ། རྒྱུགས་བཞེས་པ་དང་དེའི་ལས་འགན།
རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་ནས་དགོས་མཁོ་ལ་གཞིགས་པར་རྒྱུགས་ཞིབ་པ་བསྐོ་འཛུགས་བྱ་རྒྱུ་དང་། སློབ་གཉེར་བའི་གྲངས་ཚད་དང་མཚུངས་པར་དྲི་ཤོག་བཟོས་ནས་རྒྱུགས་སྤྲོད་དོ་དམ་པར་འབུལ་རྒྱུ།
དོན་ཚན་བཅུ་དྲུག་པ། རྒྱུགས་བཞེས་པའི་འོས་ཆོས།
1. དགེ་བཤེས་ལྷ་རམས་པའམ་བཙུན་མའི་དགེ་བཤེས་མའི་ལག་ཁྱེར་ཨང་རིམ་དང་པོ་ཐོབ་པ་ཞིག་ཡིན་དགོས།
2. འབྲེལ་ཡོད་བཙུན་དགོན་ནང་དགེ་རྒན་མིན་པ་ཞིག་དགོས།
ལེའུ་དྲུག་པ།
ལག་འཁྱེར་འབུལ་ཕྱོགས་དང་བསྐྱར་རྒྱུགས་སྤྲོད་ཕྱོགས།
དོན་ཚན་བཅུ་བདུན་པ། ལག་འཁྱེར་རིམ་པ།
རྩ་བའི་སློབ་ཚན་གང་ཡང་རུང་བ་ཞིག་ལ་བརྒྱ་ཆ་མ་ལོན་ན་ལོ་དེའི་རྒྱུགས་མ་འཕྲོད་པ་ཡིན། ཞར་བྱུང་སློབ་ཚན་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་མ་ལོན་ཀྱང་རྒྱུགས་མ་འཕྲོད་པའི་ཁོངས་སུ་མི་གཏོགས། ཞར་བྱུང་སློབ་ཚན་ལ་ཐོབ་པའི་བརྒྱ་ཆ་ཇི་ཡོད་རྩ་བའི་སློབ་ཚན་གྱི་བརྒྱ་ཆའི་སྟེང་སྣོན་ཏེ། ལོ་རིམ་སོ་སོར་ཕྱོགས་བསྡོམས་བརྒྱ་ཆ་ ༧༥ ཡན་ལ་ཁྱད་འཕགས།
1. ལོ་རིམ་སོ་སོར་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ ནས་ ༧༤ བར་ལ་ཨང་རིམ་དང་པོ།
2. ལོ་རིམ་སོ་སོར་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ནས་ ༥༩ བར་ལ་ཨང་རིམ་གཉིས་པ།
3. ལོ་རིམ་སོ་སོར་ཕྱོགས་བསྡོམས་བརྒྱ་ཆ་ ༤༠ ནས་ ༤༩ བར་ལ་ཨང་རིམ་གསུམ་པ།
4. དེའི་མན་ལ་ཡིག་རྒྱུགས་མ་འཕྲོད་པར་ངོས་འཛིན་གྱིས་ཕྱག་འཁྱེར་མི་ཐོབ།
དོན་ཚན་བཅོ་བརྒྱད་པ། ལག་འཁྱེར་གནང་མཁན།
བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་འཁྱེར་ཟུར་སྦྱར་ ༡ པོ་དང་ ༢ པ་གཞིར་བཟུང་ཆོས་རིག་ལས་ཁུངས་ནས་སྤྲོད་རྒྱུ།
དོན་ཚན་བཅུ་དགུ་པ། བསྐྱར་རྒྱུགས་སྤྲོད་ཕྱོགས།
ལོ་བཞིའི་རྒྱུགས་སྤྲོད་རིང་བསྐྱར་རྒྱུགས་ཐེངས་གཉིས་སྤྲོད་ཆོག་པའིི་གོ་སྐབས་ཡོད། འོན་ཀྱང་དེ་གཉིས་བསྟུད་མར་མ་ཡིན་པ་ཞིག་དགོས།
ལེའུ་བདུན་པ།
འགྲོ་གྲོན་གཏོང་ཕྱོགས།
དོན་ཚན་ཉི་ཤུ་པ། རྒྱུགས་སྤྲོད་འགྲོ་གྲོན་གཏོང་ཕྱོགས།
རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་དང་རྒྱུགས་ཞིབ་པ་རྣམས་ཀྱི་ཟླ་རེའི་ལས་དོད་དང་ལམ་གྲོན། ཨང་ཤོག་དྲི་ཤོག་བཟོ་རྒྱུ་སོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཆོས་རིག་ལས་ཁུངས་ནས་གཏོང་རྒྱུ་དང་། རྒྱུགས་ཞུགས་སློབ་གཉེར་བའི་ལམ་གྲོན་དང་ས་གནས་ཀྱི་ཟས་དོད་རིགས་བོད་ཀྱི་བཙུན་མའི་ལས་འཆར་ནས་གཏོང་རྒྱུ།
ལེའུ་བརྒྱད་པ།
སྒྲིག་གཞི་བསྐྱར་བཅོས།
དོན་ཚན་ཉི་ཤུ་རྩ་གཅིག་པ།
དམིགས་བསལ་ཛ་དྲག་ཚོགས་དགོས་མ་བྱུང་ཚེ་ལོ་བཞི་རེའི་མཚམས་གཤམ་འཁོད་སྒྲིག་འཛུགས་རྣམས་ཀྱི་སྐུ་ཚབ་ཚང་འཛོམས་ཐོག་སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་མིན་བབས་གཟིགས་ཀྱིས་བསྐྱར་བཅོས་བྱ་འཐུས་བཅས། བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ ལ།།
<<<<<<<<<<<<>>>>>>>>>>>>>