༢༠༡༢ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༠ ཉིན་དཀར་མཛེས་ས་གནས་ཚོང་པ་ཆེ་ཤོས་ཀྱི་གྲས་བསོད་ནམས་མགོན་པོ་སྒེར་ལ་དབང་བའི་ས་ཆའི་སྟེང་དུ་དཀར་མཛེས་རྫོང་སྲིད་གཞུང་ནས་བཙན་དབང་གིས་ཁང་པ་གསར་རྒྱག་གི་ལག་བསྟར་བྱེད་འགོ་བཙུགས་ཡོད་པར་བརྟེན། ཉིན་དེར་བསོད་ནམས་མགོན་པོ་ལགས་ཀྱིས་རང་ཉིད་ཀྱི་ས་ཆའི་ཆེད་དུ་རྫོང་སྲིད་གཞུང་ལ་རེ་སྐུལ་བྱས་ཀྱང་དཀའ་ངལ་སེལ་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་དྲག་ཆས་ཉེན་རྟོག་པ་གློ་བུར་དུ་འབྱོར་ཏེ་བསོད་ནམས་མགོན་པོ་ལགས་དང་། ཁོང་གི་སྲིང་མོའི་ཟླ་བཟའ་ཀཿབྲག་གྲོང་ནས་ཡིན་པ་མཁས་གྲུབ་གཉིས་འཛིན་བཟུང་བཙོན་འཇུག་བྱས་འདུག
དེ་ལྟར་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་བྱེད་རྩིས་བྱས་ཡོད་སྟབས། ས་གནས་བོད་རིགས་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་བྱས་ཡོད་པ་དང་། སོ་སོའི་ས་ཆའི་བདག་དབང་སྲུང་ཆེད་བསོད་ནམས་མགོན་པོ་ལགས་ཀྱི་ནང་མི་ཉེ་འབྲེལ་རྣམས་ས་ཆ་དེའི་ཐོག་འདུ་འཛོམས་ཀྱིས་ང་ཚོ་ནང་མི་རྣམས་ཀྱི་འཚོ་རྟེན་ས་ཞིང་འདི་ལས་ལྷག་མེད། འདི་ཡང་ཁྱེད་ཚོས་བཙན་འཕྲོག་བྱས་ན། ད་ནི་ང་ཚོ་གསོན་པོར་གནས་དང་མ་གནས་ཁྱད་པར་མི་འདུག དེ་ལས་ང་ཚོ་ད་ལྟ་རང་གསོད་རོགས་ཞེས་ངུ་འབོད་བྱས་ནས་ས་སློག་འཕྲུལ་འཁོར་དང་། ས་སྙོམས་འཕྲུལ་འཁོར་གྱི་མདུན་དུ་ཉལ་ནས་བསྡད་ཡོད་པའི་སྐབས་དེར། རྒྱ་གཞུང་གིས་ས་གནས་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ་ས་གནས་བོད་རིགས་མང་ཚོགས་ལ་འཇིགས་སྐུལ་བྱས་པ་མ་ཟད། བསོད་ནམས་མགོན་པོ་ལགས་ཀྱི་བཟའ་ཟླ་དང་། ལྷོ་པ་གཤོང་གཉེར་གྲོང་ནས་ཡིན་པ་སངས་རྒྱས་སྐལ་བཟང་ལགས་ཀྱང་ཉིན་དེར་འཛིན་བཟུང་བཀག་ཉར་བྱས་འདུག
དེ་ཡང་བསོད་ནམས་མགོན་པོ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ནི། རང་ལོ་ ༤༨ ཡས་མས་ཡིན་པ་བསོད་ནམས་མགོན་པོ་ལགས་ནི་དཀར་མཛས་རྫོང་ལྷོ་པ་ཤང་། ཕུག་ཡུལ་ནང་རྩག་ལེགས་གྲོང་སྡེ་རུ་ཕ་རྡོ་རྗེ་བཀྲ་ཤིས་དང་། མ་ཚེ་འདས་ཆོས་སྒྲོན་དར་རྒྱས་གཉིས་སུ་སྐྱེས། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༩ ཉིན་དཀར་མཛེས་རྫོང་ཐོག་ཇ་ཁང་ཞིག་ནས་རྒྱ་གཞུང་གི་ཁོང་ལ་ཁྲིམས་འགལ་གྱི་རྙོག་གཏམ་བཤད་པ་སོགས་ཉེས་འཛུགས་འདྲ་མིན་བྱས་ཏེ། འཛིན་བཟུང་བྱས་ནས་ཟླ་བ་བཞི་ཡས་མས་ཤིག་གི་རིང་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་པས་ཤི་མིན་གསོན་མིན་དུ་དཀར་མཛེས་རྫོང་གི་སྨན་ཁང་དུ་ཁྲིད་ཡོད་པ་མི་ཁ་ཤས་ནས་མཐོང་གསལ་བྱུང་ཡོད་པར་མ་ཟད། འཛིན་བཟུང་སྐབས་ཁོང་གི་རླངས་འཁོར་ཆུང་བ་མ་གནས་རྒྱ་སྒོར་ཁྲི་བཅོ་ལྔ་ཅན་ཞིག་དང་། དེའི་ནང་དུ་དབྱར་རྩྭ་དགུན་འབུ་ཡང་མི་ཉུང་བ་ཞིག་ཡོད་པ་བཅས་བཙན་འཕྲོག་བྱས་འདུག
དེ་རྗེས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ཆབ་སྲིད་བཙོན་པ་དཀར་མཛེས་རྩིས་ཚང་དགོན་གྱི་དགེ་འདུན་པ་བསྟན་འཛིན་དངོས་གྲུབ་ལགས་དང་བློ་དབྱངས་ལགས་གཉིས་གློད་བཀྲོལ་སྐབས་ས་གནས་མི་མང་གིས་ཕེབས་བསུ་རྒྱ་ཆེ་བྱས་ཡོད་པ་དང་། སྐབས་དེར་བསོད་ནམས་མགོན་པོ་ལགས་ཀྱི་གཙོས་མི་སྐྱ་བདུན་ལ་ཕེབས་བསུ་གོ་སྒྲིག་བྱེད་མཁན་གྱིས་ཉེས་མིང་འོག་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་ཟླ་བ་གཅིག་ཙམ་གྱི་རིང་བཀག་ཉར་བྱས་ནས་བཙོན་འོག་ཏུ་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང་མཐར་གློད་བཀྲོལ་ཐོབ་ཡོད་ཀྱང་། ཉིན་ཤས་རྗེས་སླར་ཡང་ཁོང་ལ་ནག་ཉེས་ཅི་ཡོད་གསལ་ཁ་གང་ཡང་མེད་པ་ཉེས་མེད་འོག་བཙན་འཇུག་བྱས་ཏེ། དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་ལོ་འཁོར་གཅིག་མ་ཟིན་ཙམ་གྱི་རིང་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང་མཐར་གློད་བཀྲོལ་ཐོབ་ཡོད་འདུག
མདོར་ན། རྒྱ་གཞུང་གིས་བོད་ས་བཙན་འཕྲོག་དང་རིག་གཞུང་རྩ་གཏོར་བཏང་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་བཙན་དབང་དང་འཇིགས་སྐུལ་དྲག་གནོན་སྣ་ཚོགས་བྱེད་བཞིན་གཞུང་ལམ་གཡས་གཡོན་ཀྱི་ཚོང་ལས་དང་འཛུགས་སྐྲུན་ལྟེ་གནས་ཁག་ཚང་མར་རྒྱ་རིགས་ཀྱིས་ཁེངས་པ་བྱ་རྒྱུའི་དམིགས་ཡུལ་བཟུང་དང་འཛིན་བཞིན་ཡོད་པ་བཅས། །