ཟླ་བ་ ༤ ཚེས ༤ ༢༠༡༢
   Posted in གསར་གནས།
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༢ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།

༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༤ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དུས་ཡུན་ལོ་ངོ་ ༡༥ ཁྲིམས་ཆད་འཁུར་བཞིན་པའི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་ལྷ་སའི་བྱང་ཕྱོགས་གྲྭ་བཞི་བཙོན་ཁང་ནང་གློ་བུར་ཛ་དྲག་གི་ནད་མནར་བྱུང་སྟེ་ཟླ་བ་སྔོན་མའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་སྨན་ཁང་དུ་ཛ་དྲག་སྨན་བཅོས་བྱེད་པར་སྤོ་སྐྱེལ་བྱས་འདུག
ཡེ་ཤེས་ཆོས་སྒྲོན་ལགས་ནི་རང་ལོ་ ༥༧ ཙམ་དུ་སོན་གྱི་ཡོད་པ་དང༌། དེ་སྔ་ཕྱི་ལུགས་སྨན་པ་རྒན་ཡོལ་ཕྱིན་རྗེས་ལྷ་སའི་ར་མོ་ཆེ་ས་ཁུལ་ཁོངས་སུ་གནས་སྡོད་བྱེད་ཀྱི་ཡོད་ཅིང༌། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་གློ་བུར་ཁྱིམ་ནས་འཛིན་བཟུང་བྱས་འདུག ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གསང་གནས་དང༌། གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་དུས་ཡུན་ལོ་ངོ་ ༡༥ བཙོན་འཇུག་བྱ་རྒྱུ་དང་། ཆབ་སྲིད་དབང་ཆ་ལོ་ ༥ འཕྲོག་རྒྱུའི་ཁྲིམས་ཐག་བཅད་དེ་ལྷ་སར་ཡོད་པའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
ཡེ་ཤེས་ཆོས་སྒྲོན་ལགས་ཐོག་མར་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་འདྲི་གཅོད་བྱེད་རིང་ཚ་འདྲི་ཤུགས་ཆེ་བྱས་པ་དང༌། བཙོན་འཇུག་རྗེས་ཟས་བཅུད་དང་འཕྲོད་བསྟེན་སོགས་གང་སར་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་པ་མ་ཟད། སྤུན་མཆེད་དང་ནང་མིའི་ཐུག་འཕྲད་ལའང་བཙོན་པ་གཞན་དང་མི་འདྲ་བར་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། ད་ལྟའི་ཆར་སྨན་ཁང་དུ་ལག་འདྲུད་འཁོར་ལོའི་སྟེང་བསྡད་དེ་མི་གཞན་གྱིས་བསྐྱོར་ནས་འགྲོ་དགོས་པ་ཆགས་ཏེ། གཟུགས་བབས་གནས་སྟངས་ཛ་དྲག་ཅན་དུ་གྱུར་ནས་སྲོག་ལ་ཉེན་ཁ་ཡོད་པའི་གནས་ཚུལ་འཐོན་བཞིན་ཡོད་ཀྱང༌། ཕྱི་ཕྱོགས་ནས་མི་གཞན་ཡོང་སྟེ་ཁོང་དང་འབྲེལ་བ་བྱ་རྒྱུར་དོགས་གཞི་ཆེན་པོ་བྱས་ཏེ་སྨན་ཁང་དུ་ཉེན་རྟོག་པ་གསུམ་ཙམ་ནས་ཉིན་མཚན་དབྱེར་མེད་ཀྱིས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས། །

Share with your friends










Submit